མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གལ་ཆེའི་གནད་དོན་ཐད་ཆེད་དོན་ཞིབ་འཇུག་ཐེངས་དང་པོ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-21 10:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་གྲོས་ཚོགས་ཀྱི་གཏན་འབེབས་ལ་གཞིགས་ན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དེ་སྤྱི་ཟླ10པའི་ཚེས20ནས་23ཉིན་བར་པེ་ཅིང་དུ་སྐོང་འཚོགས་བྱས་ཏེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གལ་ཆེའི་གནད་དོན་ལ་ཞིབ་འཇུག་བྱེད་རྒྱུ་ཡིན་པ་དང་། འདི་ནི་ཀྲུང་གོའི་ཆབ་སྲིད་གོང་འཕེལ་དང་བསྒྱུར་བཅོས་ཁྲོད་ཀྱི་དུས་རབས་ལས་བརྒལ་བའི་དོན་ཆེན་ཞིག་ཡིན། སྣང་ཚུལ་སྣ་ཚོགས་ལས་མངོན་པར། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་ཀྲུང་དབྱང་གིས་སྲིད་འཛིན་གནང་ཚུན་སྔར་ན་བྱུང་མྱོང་མེད་པའི་མཐོ་ཚད་ཐོག་བཞག་ཡོད་པ་རེད།

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་སྐོང་འཚོགས་བྱེད་པའི་དུས་ཚོད་ནི། ཞི་ཅིན་ཕིང་ནས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་སྐབས་གསར་པའི་འགོ་ཁྲིད་མཉམ་སྡེབ་ཀྱིས་སྲིད་འཛིན་གནང་སྟེ་ལོ་གཉིས་ཙམ་སོང་བའི་མཚམས་དང་། བསྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བའི་བཀོད་སྒྲིག་ལག་བསྟར་བྱས་ཏེ་ལོ་གཅིག་སོང་བའི་མཚམས་སུ་འཁེལ་ཡོད་པ་དང་། ཁྲིམས་སྐྱོང་ཀྲུང་གོའི་དམིགས་འབེན་མངོན་འགྱུར་ཐུབ་པ་བྱེད་པའི་དུས་ཚོད་རེའུ་མིག་གི་དུས་ཚོད་ལྷག་མ་ཡང་ལོ་ཤས་ལས་ལྷག་མེད།

དབྱེ་ཞིབ་མི་སྣས་ཀྲུང་གོས་ལམ་ལུགས་དེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྲུང་སྐྱོབ་པ་ཞིག་ཏུ་འགྱུར་བ་བྱས་ཏེ། དེ་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་སྐུལ་འདེད། མི་སེམས་གཅིག་བསྡུས། བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་སྐུལ་འདེད་པ་ཞིག་ཏུ་འགྱུར་བ་བྱེད་དགོས་ཀྱི་ཡོད། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དེས། གོང་འཕེལ་མགོར་དུ་འགྲོ་བ་དང་། རྣམ་པ་བརྗེ་བསྒྱུར་གྱི་དཀའ་གནད་འཕྲད་པའི་ཀྲུང་གོའི་དཔལ་འབྱོར་ལ་ཡང་ཕན་པ་གསར་པ་སྐྲུན་ཐུབ། མིག་སྔར་ཀྲུང་གོའི་དཔལ་འབྱོར་གྱི་གནད་དོན་མང་པོ་དང་། བང་རིམ་ཟབ་པའི་འགལ་ཟླ་མང་པོ་ཁྲིམས་སྐྱོང་ནུས་པ་འདང་ངེས་མེད་པ་དང་འབྲེལ་བ་ཡོད། ཁྲོམ་རའི་དཔལ་འབྱོར་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་འཁོར་རྒྱུག་བྱེད་པར། ཁྲིམས་སྐྱོང་ནི་རྨང་གཞིའི་ཆ་རྐྱེན་ཞིག་ཡིན་ཞེས་བཏོན་ཡོད།

ཀྲུང་གོས་ད་ལྟ་ཡང་མུ་མཐུད་ལོ་ངོ་ཉིས་སྟོང་ལྷག་གི་མིས་སྐྱོང་བའི་ངན་འབྲས་ལས་གྲོལ་ཆེད་འབད་བརྩོན་བྱེད་བཞིན་ཡོད། དཔལ་འབྱོར་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ཡིན་ནའང་འདྲ། ཡང་ན་གཞི་རིམ་སྤྱི་ཚོགས་ཀྱི་བཅོས་སྐྱོང་ཡིན་ནའང་འདྲ། ཏང་སྲིད་དཔོན་རིགས་ཁག་ཅིག་གི་ལོ་རྒྱུས་ཐོག་ཆགས་པའི་དམིགས་བསལ་དབང་ཆའི་ལྟ་བ་དང་། སྐད་ཆས་ཁྲིམས་ཀྱི་ཚབ་བྱེད་པ། དབང་ཆ་ཁྲིམས་ཀྱི་སྟེང་དུ་འཇོག་པ་སོགས་ཀྱི་བསམ་བློ་དང་ཀུན་སྤྱོད་ཀྱིས། དབང་ཆས་ཁྲིམས་གནོན་པ་དང་། དབང་ཆ་སྤྱད་དེ་སྒེར་དོན་བསྒྲུབས་པའི་སྣང་ཚུལ་སྔར་བཞིན་གནས་ཡོད་པ་དང་། དེས་སྤྱི་ཚོགས་ཀྱི་འདྲ་མཉམ་དང་དྲང་བདེན་ལ་གཏོར་བཤིག་བཏང་བ་མ་ཟད། རུལ་སུངས་རྒྱ་ཡན་དུ་འགྲོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་ཡང་འགྱུར་ཡོད་པ་དང་། སྲིད་འཛིན་ཏང་གི་གནས་བབ་དང་། རྒྱལ་ཁབ་ཡུན་གནས་བདེ་འཁོད་ལ་ཉེན་ཁ་བཟོ་བཞིན་ཡོད་པས། ཀྲུང་དབྱང་ནས་ས་གནས་བར་གྱི་ཁྲིམས་སྐྱོང་དབང་གྲགས་འཛུགས་སྐྱོང་བྱེད་རྒྱུ་དེ་ཁ་ཚ་དགོས་གཏུག་གི་ལས་དོན་ཞིག་ཏུ་འགྱུར་ཡོད།

རིགས་གཅིག་མཁས་པས། རྩ་ཁྲིམས་ལ་གཞིགས་ཏེ་རྒྱལ་ཁབ་སྐྱོང་བ་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རིམ་པ་མཐོ་ཤོས་ཀྱི་ཐབས་ལམ་ཞིག་ཡིན་པ་དང་། རྩ་ཁྲིམས་ཀྱི་དར་དམར་འོག ཁྲིམས་སྐྱོང་གིས་གཞི་ནས་ཁྲིམས་ཀྱི་གནས་པའི་རང་བཞིན་དང་། གཞུང་དྲང་རང་བཞིན། རྩེར་སོན་རང་བཞིན། སྔོན་དཔག་རང་བཞིན་བཅས་མངོན་ཐུབ་པ་དང་། གཅིག་ནས་དབང་ཆ་ཚོད་འཛིན་བྱེད་དགོས་པ་དང་། གཉིས་ནས་དབང་ཆ་འགན་སྲུང་བྱས་ཏེ། ཚད་གཞི་ཆེ་ཤོས་ཐོག་ནས་གཞུང་དྲང་དང་དྲང་བདེན་མངོན་པ་བྱེད་དགོས། དེ་དག་ཐོག་ནས། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ཀྲུང་གུང་ཏང་གི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ཞིག་ཡིན་པ་དང་། མི་རིགས་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་པའི་ལོ་རྒྱུས་ཀྱི་མཆོངས་བརྒལ་ཞིག་ཡིན་པ་མཚོན་ཐུབ་པའི་ངོས་འཛིན་གནང་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག