མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་སྤྱི་ཚོགས་དབུལ་སྐྱོར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་ཚོགས།

བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-18 11:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་སྤྱི་ཚོགས་དབུལ་སྐྱོར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཚེས་བཅུ་བདུན་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་དབུལ་སྐྱོར་གསར་སྤེལ་བྱ་བའི་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་རང་རྒྱལ་གྱིས་ལོ་རེའི་ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་དེ་དབུལ་སྐྱོར་ཉིན་མོར་གཏན་འཁེལ་བྱས་པར་མ་ཟད་ད་ལོའི་ཐོག་དང་པོའི་དབུལ་སྐྱོར་ཉིན་མོར་སྤྱི་ཚོགས་དབུལ་སྐྱོར་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་གོ་རིམ་རྗེས་མའི་སྤྱི་ཚོགས་དབུལ་སྐྱོར་བྱ་བར་བཀོད་སྒྲིག་བྱས་པ་དེ་ཀྲུང་ཧྭ་མི་རིགས་ཀྱི་དབུལ་སྐྱོར་རྒུད་སྐྱོབ་ཀྱི་གོམས་སྲོལ་བཟང་བོ་དར་སྤེལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པ། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་དབུལ་སྐྱོར་བྱ་བ་བཟང་བོར་སྒྲུབ་པ་སོགས་ལ་དོན་སྙིང་གལ་ཆེན་ཡོད་ཅེས་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དབུལ་ཕོངས་མེད་པར་གཏོང་བ་དང་དམངས་འཚོ་ལེགས་བཅོས་བྱས་ནས་མི་དམངས་ཚང་མ་རིམ་བཞིན་མཉམ་དུ་ཕྱུག་པོར་བསྒྱུར་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་རེ་བ་ཡིན། བཅོས་སྒྱུར་སྒོ་འབྱེད་བྱས་རྗེས། རང་རྒྱལ་གྱིས་དབུལ་སྐྱོར་གསར་སྤེལ་ཐད་ནས་ཉམས་དགའ་བའི་གྲུབ་འབྲས་བླངས་པ་དང་མིའི་རིགས་ཀྱི་དབུལ་ཐར་ལས་དོན་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ། དེང་སྐབས་དབུལ་སྐྱོར་བྱ་བ་དེ་གནད་འགག་གི་དུས་སྐབས་གསར་བར་སླེབ་ཡོད་ལ། བཅོས་སྒྱུར་ཟབ་སྤེལ་དང་ནང་རྐྱེན་གསར་སྐྲུན། སྲིད་ཇུས་འཐུས་ཚང་དུ་གཏོང་བ་བརྒྱུད་དེ་དབུལ་ཕོངས་ས་ཁུལ་གྱི་འཕེལ་རྒྱས་རྗེས་ཤུགས་ཇེ་ཆེར་གཏོང་དགོས་པ་དང་། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་དབུལ་སྐྱོར་བྱ་བ་ལག་བསྟར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས་རྒྱལ་ཡོངས་ཀྱི་དབུལ་སྐྱོར་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་གཟེངས་བསྟོད་ཐོབ་པའི་འཐུས་མིས་གཏམ་བཤད།   །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག