མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-16 11:14

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་པེ་ཅིན་ནས་མགོ་འཛིན་མཛད་དེ་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་པེ་ཅིན་ནས་མགོ་འཛིན་མཛད་དེ་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། དུས་ཡུན་རིང་བོར་རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་རིག་རྩལ་གསར་རྩོམ་དང་འཁྲབ་སྟོན། ཞིབ་འཇུག་སོགས་ཀྱི་ཐད་ནས་བརྩོན་ལེན་བྱས་ཤིང་། རང་རང་གི་མངའ་ཁོངས་སོ་སོ་ནས་དཀའ་སྤྱད་འབད་བརྩོན་བྱས་པ་དང་མི་དམངས་ལ་ཞབས་ཕྱི་བསྒྲུབས་ནས་གྲུབ་འབྲས་མངོན་གསལ་བླངས་པར་མ་ཟད་བྱས་རྗེས་ཆེན་པོ་བཞག ཚང་མས་མཉམ་དུ་འབད་བརྩོན་བྱས་འོག རང་རྒྱལ་གྱི་རིག་རྩལ་མངའ་ཁོངས་སུ་མེ་ཏོག་མཉམ་བཞད་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། དར་རྒྱས་གོང་འཕེལ་གྱི་གསོན་ཤུགས་རྣམ་པ་གསལ་བོར་མངོན་ཡོད་ཟེར། ཞི་ཅིན་ཕེན་གྱིས་རྒྱལ་ཡོངས་ཀྱི་རིག་རྩལ་བྱ་བ་སྒྲུབ་མཁན་ལ་བརྩེ་བའི་འཚམས་འདྲི་ཞུས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རིག་རྩལ་གྱི་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཆེས་རྩ་བ་ནི་ང་ཚོའི་རླབས་ཆེན་མི་རིགས་དང་རླབས་ཆེན་དུས་རབས་ལ་ངོ་གནོང་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱེད་རྒྱུ་དེ་ཡིན། རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་གསར་རྩོམ་ནི་རང་ཉིད་ཀྱི་ལས་འགན་གཙོ་བོ་ཡིན་པ་དང་བརྩམས་ཆོས་ནི་རང་ཉིད་ཀྱི་མི་ཚེའི་དམིགས་འབེན་ཡིན་པས། སེམས་ལྷོད་ལ་བབས་ནས་གསར་རྩོམ་བྱེད་དགོས་པ་དང་ཆེས་བཟང་བའི་བརྩམས་ཆོས་གང་མང་མི་དམངས་ལ་འབུལ་རྒྱུ་ཡིད་ལ་དམ་པོར་འཛིན་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རིམ་བཞིན་ཇེ་མཐོར་སོང་བ་དང་བསྟུན་ནས། རྩོམ་རིག་དང་གློག་བརྙན། བརྙན་འཕྲིན། རོལ་དབྱངས་སོགས་དང་དེ་མིན་དམངས་ཁྲོད་རིག་རྩལ་དང་མང་ཚོགས་རིག་རྩལ་སོགས་དུས་རབས་འཕེལ་རྒྱས་ཀྱི་རྗེས་ཆོད་དུ་འཇུག་དགོས་པ་དང་མི་དམངས་ཀྱི་དགོས་མཁོ་གསལ་བོར་ཤེས་པར་བྱས་ནས། མི་དམངས་ཀྱིས་དགའ་བསུ་ཐོབ་པའི་ཕུལ་བྱུང་བརྩམས་ཆོས་གང་མང་གསར་རྩོམ་བྱེད་དགོས་པར་མ་ཟད་མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རིམ་པ་སོ་སོའི་ཏང་ཨུ་ཡིས་རིག་རྩལ་བྱ་བ་དེ་ཉིན་རེའི་གྲོས་རིམ་དུ་བཞག་སྟེ་ཏང་གི་རིག་རྩལ་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་བྱེད་པ་དང་རིག་རྩལ་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་དགོས། རིག་རྩལ་བྱ་བ་སྒྲུབ་མཁན་གྱི་གསར་རྩོམ་རང་གཤིས་དང་གསར་རྩོམ་རང་བཞིན་ངལ་རྩོལ་ལ་བརྩི་འཇོག་བྱས་ཏེ་ཆབ་སྲིད་ཐད་ནས་ཡིད་ཆེས་བྱེད་པ་དང་གསར་རྩོམ་ཐད་ནས་རྒྱབ་སྐྱོར་བྱས་ཏེ་རིག་རྩལ་གསར་རྩོམ་ལ་ཕན་པའི་ཁོར་ཡུག་བཟང་བོ་སྐྲུན་དགོས། བཅོས་སྒྱུར་ཟབ་སྤེལ་དང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། སྒྲིག་སྲོལ་ཆ་ཚང་དུ་གཏོང་བ་བཅས་བརྒྱུད་དེ་མུ་མཐུད་དུ་ཕུལ་བྱུང་བརྩམས་ཆོས་བྱུང་བ་དང་ཤེས་ལྡན་མི་སྣ་བྱུང་བའི་གསོན་ཤུགས་ཀྱི་རྣམ་པ་ཆགས་པར་བྱེད་དགོས། རིག་རྩལ་དཔྱད་བརྗོད་བྱ་བར་མཐོང་ཆེན་དང་ཤུགས་བསྣན་ནས་ལོ་རྒྱུས་དང་མི་དམངས། སྒྱུ་རྩལ། མཛེས་དཔྱོད་རིགས་པ་བཅས་ཀྱི་ལྟ་བ་ལ་བརྟེན་ནས་བརྩམས་ཆོས་ལ་དཔྱད་འཇོག་བྱེད་དགོས་པ་དང་། སྐད་ཆ་ངོ་མ་བཤད་པ་དང་གནས་ལུགས་ཡོད་པའི་སྒོ་ནས་རིག་རྩལ་དོགས་དཔྱོད་ཐད་ལ་སྣང་བརྙན་བཟང་བོ་ཞིག་བསྐྲུན་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག