མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-15 11:07

ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མོ་སི་ཁོའི་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་དུས་ཚོད་ཚེས་བཅུ་བཞི་ཉིན་གྱི་ཕྱི་དྲོར་མོ་སི་ཁོའི་ཁི་ལི་མུའུ་ལིན་ཕོ་བྲང་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཙུང་ཐུང་ཕུའུ་ཅིན་ལ་སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་མཛད། ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་སྒོས་ལྟ་སྟངས་འཛིན་པར་མ་ཟད། རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱས་པར་བརྩི་འཇོག་བྱེད་བཞིན་ཡོད། ཁེ་ཕན་གཙོ་བོ་དང་གནས་དོན་གལ་ཆེན་ཐད་ནས་ཕན་ཚུན་ལ་རོགས་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་བ་བྱུང་ཡོད། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱིས་ཙུང་ལིའི་དུས་བཅད་ཐུག་འཕྲད་ཐེངས་བཅུ་དགུ་བ་སྤེལ་བ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཡུན་རིང་རང་བཞིན་དང་བརྟན་འཇགས་རང་བཞིན་གང་ལེགས་སྒོས་མཚོན་ཡོད་ལ། ཐུག་འཕྲད་ལས་གྲུབ་འབྲས་ཕུན་སུམ་ཚོགས་པ་བླངས་པས། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ནུས་ཡོད་སྒོས་སྐུལ་འདེད་གཏོང་སྲིད་ཟེར།

ཕུའུ་ཅིན་གྱིས་ལིས་ཁི་ཆང་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕེན་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས། ཕུའུ་ཅིན་གྱིས་བཤད་རྒྱུར། ཐེངས་འདིར་རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་དུས་བཅད་ཐག་འཕྲད་སྤེལ་ནས་གྲུབ་འབྲས་གཡུར་ཟ་བ་བླངས་ཡོད་ལ། ཕྱོགས་གཉིས་ཀྱིས་མཉམ་ལས་ཡིག་ཆ་མང་པོ་བཀོད། ཁྱེད་ཀྱིས་ཐེངས་འདིར་ཨུ་རུ་སིར་འཚམས་འདྲི་བྱས་པ་འདིས་ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྟོབས་ཤུགས་ཆེན་པོ་སྣོན་སྲིད་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་དང་ཝང་ཡཱང་། ཨུ་རུ་སིའི་ཙུང་ལི་གཞོན་པ་ལོ་ཀི་ཅིན་དང་ཏེ་ཝོ་ཨར་ཁི་ཝེ་ཆི་བཅས་ཐུག་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ: ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ: དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག