མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་དང་དབྱི་ཐ་ལིའི་ཙུང་ལི་ལུན་ཆི་གཉིས་ཀྱིས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-15 11:06

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་རོ་མ་ནས་དབྱི་ཐ་ལིའི་ཙུང་ལི་ལུན་ཆི་དང་གྲོས་མོལ་མཛད་རྗེས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་རོ་མ་ནས་དབྱི་ཐ་ལིའི་ཙུང་ལི་ལུན་ཆི་དང་གྲོས་མོལ་མཛད་རྗེས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས།

ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་དབྱི་ཐ་ལིའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་བཅུ་ལོན་པའི་ལོ་ཡིན་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་སྔར་སྲོལ་རྗེས་མཐུད་དང་མ་འོངས་གསར་གཏོད་ཀྱི་གནད་འགག་གི་དུས་སྐབས་སུ་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ་དང་ཉོ་ཚོང་དང་དངུལ་གཏོང་ཆུ་ཚད་ཇེ་མཐོར་གཏོང་བར་མ་ཟད། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ནུས་ཁུངས། དངུལ་ལོར། གསར་སྐྲུན། དེ་མིན་ཁེ་ལས་འབྲིང་ཆུང་སོགས་ཕྱོགས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད། ཀྲུང་གོ་དང་དབྱི་ཐ་ལི་ནི་འཛམ་གླིང་གི་རིག་གནས་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པས་མི་གཞུང་བརྗེ་རེས་བྱེད་པར་ཁྱད་སྟོབས་མངོན་གསལ་ལྡན། དེ་བས་ཕྱོགས་གཉིས་ཀྱིས་རིག་གནས་དང་སློབ་གསོ། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ལུན་ཆི་ཡིས་བཤད་རྒྱུར། དབྱི་ཐ་ལི་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བའི་རྒྱུན་རིང་ཞིང་རྒྱལ་ཁབ་གཉིས་ཀ་རིག་གནས་ཀྱི་རྒྱལ་ཁབ་ཆེན་པོ་ཡིན་པ་དང་ཧ་ཅང་དམ་པའི་མཉམ་ལས་ཀྱི་གྲོགས་པོ་ཡིན་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དབྱི་ཐ་ལི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར་བཅུ་ལོན་པར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  ། 

རྩོམ་སྒྲིག་པ: ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ: དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག