མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་རྒན་བཀུར་གཉེན་གཅེས་ཀྱི་ཁྱིམ་ཚང་མཛེས་ཤོས་ཀྱི་སྔོན་ཐོན་བྱས་རྗེས་ལ་སྤྱི་ཚོགས་ཐོག་ལན་ཆ་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-15 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ཚོགས་པས་ཉིན་ཤས་གོང་སྤྱི་ཚོགས་ཡོངས་ལ་རན་ཆོན་ལའེ་ཁྱིམ་ཚང་སོགས་ཁྱིམ་ཚང་བཅུའི་རྒྱལ་ཡོངས་ཀྱི་རྒན་བཀུར་གཉེན་གཅེས་ཀྱི་ཁྱིམ་ཚང་མཛེས་ཤོས་ཀྱི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་ཡོད་པ་རེད། རན་ཆོན་ལའེ་དང་། ཀྲའོ་ཡུང་ཧྭ། ཧྥང་ཙེ་ཆིའུ། ཧུའུ་ཅིན་ཧྥེང་། ཀའོ་ཤིན་ཤིན། ཀྲའོ་ཧྥུ་ཉི། ལི་ཡུང་ཀྲུང་། ལི་ཁྲང་ཉུལ། ཏའེ་ཆུང་ལན། ཏིས་ལིས་ཧུ་མར་ཨབ་ཏུ་ག་ཏེར་སོགས་ཀྱི་ཁྱིམ་ཚང་བཅུས་རྒན་བཀུར་རྒན་གཅེས་དང་སྲི་ཞུ་སྒྲུབ་པ། ཕ་མ་དང་སྒྱུག་པོ་སྒྱུག་མོར་སྲི་ཞུ་སྒྲུབ་པ། རྒན་རྒོན་མི་ཧྲེང་ལ་ལྷག་བསམ་རྣམ་དག་གི་ལྟ་རྟོག་བྱེད་པ་བཅས་ཀྱི་གཏམ་རྒྱུད་ཀྱིས་སྤྱི་ཚོགས་ལ་སེམས་འགུལ་ཐེབས་ཡོད་པ་དང་། མི་རྣམས་ལ་མིག་དཔེ་བཟང་པོ་ཞིག་གཏོད་ཡོད་པ་རེད།

ཡུན་ནན་ཁུན་མིང་གྲོང་ཁྱེར་གྱི་ཞི་ཧྲན་ཁུལ་དུ། སྤྱིར་བཏང་གི་གྲོང་གསེབ་བུད་མེད་ཏའེ་ཆུང་ལན་གྱིས་སྤྱིར་བཏང་མ་ཡིན་པའི་བྱ་བ་ཞིག་སྒྲུབ་ཡོད་དེ། རྒན་རྒོན་ཐོག་ཁང་བཟོས་ནས་རྒན་རྒོན་མི་ཧྲེང་ལ་ལྟ་སྐྱོང་བྱེད་པའི་འོས་འགན་ཁུར་ཡོད་པ་རེད། དམིགས་བསལ་གྱི་ཁྱིམ་ཚང་ཆེན་མོ་དེའི་ནང་། ཆགས་ས་བརྟེན་ས་མེད་པའི་རྒན་རྒོན་རྣམས་ཀྱིས་ཏའེ་ཆུང་ལན་ལ་མནའ་མ་དང་བུ་མོ་ཞེས་འབོད་ཀྱི་ཡོད་པ་རེད། མིང་འབོད་དཀྱུས་མ་ཞིག་གི་ནང་ནས་ཧ་ཅང་ཟབ་པའི་གཉེན་ཉེའི་བརྩེ་སེམས་དང་ཁྱིམ་ཚང་གི་དྲོ་སྐྱིད་ཚོར་ཐུབ་ཀྱི་ཡོད་པ་རེད།

ཏའེ་ཆུང་ལན་གྱི་བྱས་རྗེས་ལ་རྒྱུས་ལོན་བྱས་རྗེས། ཁུན་མིང་གྲོང་ཁྱེར་གྱི་གྲོང་མི་ཀྲང་ཞན་གྱིས། གྲོང་གསེབ་ཀྱི་བུད་མེད་ཅིག་ལ་རྒན་རྒོན་མི་ཧྲེང་གསོ་ཉར་བྱེད་པའི་སྙིང་རུས་དང་བློ་སྟོབས་ཆེན་པོ་འདི་འདྲ་ཞིག་ཡོད་པར་མི་རྣམས་སེམས་འགུལ་ཐེབས་དགོས་པ་ཞིག་ཡོད་ལ། དེ་བས་མི་རྣམས་ནས་བསམ་བློ་གཏོང་དགོས་པ་ཞིག་ཡོད་ཅེས་བཤད་ཡོད་པ་རེད།

ཀོང་ཞི་ལིའུ་ཀྲའུ་དུ། ལི་ཡུང་ཀྲུང་གི་ཁྱིམ་ཚང་ཕྱུག་པོ་མེད་ཅིང་། ཁོང་དང་ཁོང་གི་བཟའ་ཟླས་ཐང་ཁྲོམ་བཏོན་མྱོང་ལ་བོགས་གཏོང་རླངས་འཁོར་ཡང་བཏང་མྱོང་ཡོད་ཅིང་གཏན་འཁེལ་གྱི་ལས་ཀ་ཞིག་མེད། འོན་ཀྱང་རང་ཉིད་ཆུང་དུས་ལྟ་ཉར་བྱེད་མཁན་ཏུང་ཧྲའོ་ལན་ལོ་ན་ཆེན་པོར་སླེབས་དུས་བརྟེན་ས་མེད་པ་མཐོང་སྐབས། ལི་ཡུང་ཀྲུང་གིས་ཐེ་ཚོམ་མེད་པའི་ཐོག་ནས་རྒན་རྒོན་རང་ཁྱིམ་དུ་བསུས་པ་དང་། ཨ་མ་བཞིན་ལྟ་རྟོག་བྱས་ཡོད་པ་རེད།

པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཧྲན་ཁུལ་དུ། རན་ཆོན་ལའེ་དང་ཁོང་གི་བཟའ་ཟླས་ཕྱོགས་གཉིས་པོའི་ཕ་མར་ལྟ་རྟོག་ཡག་པོ་བྱས་པ་མ་ཟད། བཟའ་ཟླའི་ཁྱོ་ག་སྔོན་མའི་ཕ་མར་ཡང་རང་གི་ཕ་མ་བཞིན་སྲི་ཞུ་སྒྲུབ་ཡོད་པ་རེད།

ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་གྱི་ན་གཞོན་དགེ་རྒན་ལི་མིང་གིས། ན་གཞོན་འགའ་ཤས་ཀྱིས་རྒན་རྒོན་ལ་ལྟ་རྟོག་བྱ་རྒྱུའི་གནད་དོན་གྱིས་རྐྱེན་པས་ཐ་ན་ཁྱིམ་ཚང་གི་འགལ་ཟླ་བཟོ་གི་ཡོད། ང་ཚོས་ངོས་འཛིན་ཐུབ་དགོས་པ་ཞིག་ནི་རྒན་རྒོན་ལ་སྲི་ཞུ་སྒྲུབ་རྒྱུ་དེ་ཁུར་པོ་ཞིག་མ་ཡིན་པར་དེ་ནི་ངེས་པར་དུ་ཁུར་དགོས་པའི་འགན་འཁྲི་ཞིག་ཡིན་ལ། ངེས་པར་དུ་བརྟན་སྲུང་བྱེད་དགོས་པའི་ཀུན་སྤྱོད་ཅིག་ཀྱང་ཡིན་ཞེས་གསུངས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག