མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་པེར་ལིན་ལ་ཐོན་ནས་འཇར་མན་ལ་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-10 10:47

ཟླ་བཅུ་བའི་ཚེས་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པེར་ལིན་ལ་ཐོན་ནས་འཇར་མན་ལ་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས། འཇར་མན་སྲིད་གཞུང་གི་མཐོ་རིམ་དཔོན་པོ་གནམ་གྲུ་ཐང་དུ་ཕེབས་ཏེ་བསུ་བ་ཞུས།
ཟླ་བཅུ་བའི་ཚེས་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པེར་ལིན་ལ་ཕེབས་ནས་འཇར་མན་ལ་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས།འཇར་མན་སྲིད་གཞུང་གི་མཐོ་རིམ་དཔོན་པོ་གནམ་གྲུ་ཐང་དུ་ཕེབས་ཏེ་བསུ་བ་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་མའོ་ཁི་ཨར་གྱིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་ཚེས་དགུ་ཉིན་གྱི་ཕྱི་དྲོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་པེར་ལིན་གྱི་ཐེ་ཀི་ཨེར་དམག་དོན་གནམ་གྲུ་ཐང་ལ་ཐོན་ནས། འཇར་མན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་གནང་མགོ་བརྩམས།

ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོའི་ཟླ་གསུམ་པར་ཀྲུང་གོ་དང་འཇར་མན་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གོ་གནས་གསར་བ་གཏན་འཁེལ་བྱས། དེང་སྐབས་རྒྱལ་ཁབ་གཉིས་ཀྱི་རིམ་པ་སོ་སོའི་བར་གྱི་འགྲོ་འོང་ཇེ་དམ་དུ་སོང་བ་དང་། མཉམ་ལས་གཏིང་ཟབ་ཅིང་རྒྱ་བསྐྱེད་དེ་སྔར་བྱུང་མ་མྱོང་བའི་ཆུ་ཚད་གསར་བ་ཞིག་ཏུ་སླེབ་ཡོད། ངས་འཇར་མན་གྱི་མགོ་ཁྲིད་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་དང་། ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་བྱེད་པ་དང་། འཐབ་ཇུས་ཐད་ཀྱི་གཉིས་ཕན་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། དཔལ་འབྱོར་ཉོ་ཚོང་དང་གསར་སྐྲུན་སོགས་ཁྱབ་ཁོངས་ཀྱི་དུས་ཡུན་རིང་འབྲིང་གི་མཉམ་ལས་ལ་ཇུས་འགོད་བྱས་ནས། ཀྲུང་གོ་དང་འཇར་མན་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་བར་རེ་སྒུག་བྱས་ཡོད་ཟེར།

འཚམས་འདྲི་བྱེད་སྐབས། ལིས་ཁི་ཆང་གིས་འཇར་མན་གྱི་ཙུང་ཐུང་ཀའོ་ཁི་ལ་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། ཙུང་ལི་མའོ་ཁི་ཨར་དང་མཉམ་དུ་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་སྐོར་ཐེངས་གསུམ་པར་མགོ་འཛིན་མཛད་རྒྱུ་ཡིན་པར་མ་ཟད། སོ་སོར་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་གླེང་སྟེགས་དང་ཀྲུང་གོ་དང་ཡོ་རོབ་གླིང་གླེང་སྟེགས་ཀྱི་ཧན་པའོ་མཐོ་རིམ་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད་སྤེལ་རྒྱུ་རེད།

འཇར་མན་སྲིད་གཞུང་གི་མཐོ་རིམ་དཔོན་པོ་དང་འཇར་མན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྲི་མེན་ཏེ་སོགས་གནམ་གྲུ་ཐང་དུ་སོང་སྟེ་ཙུང་ལི་ལིས་ཁི་ཆང་ལ་བསུ་བ་ཞུས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག