མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱི་སྡོམ་ཚོགས་ཆེན་པེ་ཅིན་ནས་ཚོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-09 11:08

ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱི་སྡོམ་ཚོགས་ཆེན་ཚེས་བརྒྱད་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱི་སྡོམ་ཚོགས་ཆེན་ཚེས་བརྒྱད་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ཝང་ཆི་ཧྲན། ཀྲང་ཀའོ་ལིས་བཅས་ཚོགས་ཆེན་ལ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་ཚོགས་ཆེན་ལ་མགོ་འཛིན་མཛད།

ཚོགས་ཆེན་སྟེང་ཞི་ཅིན་ཕེན་གྱིས་གསུང་བཤད་གནང་སྐབས། ཏང་ཀྲུང་དབྱང་གིས་ཏང་ཡོངས་ལ་ངེས་པར་དུ་རྩ་འཛུགས་ཞིབ་མོ་བྱས་ནས་ཕན་འབྲས་ལ་འགན་སྲུང་བྱེད་པ་དང་། མགོ་རྔ་ཡོད་པའི་སྒོ་ནས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་རྒྱུ་ཁས་བླངས་ཡོད། ཏང་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ཁས་བླངས་པ་ཐམས་ཅད་དངོས་འབེབས་བྱས་ཟིན་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཐེངས་འདིའི་སློབ་གསོ་ལག་ལེན་བྱ་འགུལ་ནི་ཏང་ནང་ཁུལ་གྱི་ཐུན་མོང་གི་སློབ་གསོ་བྱ་འགུལ་མང་བོའི་གྲུབ་འབྲས་དང་ཉམས་མྱོང་སྤྱི་བསྡོམས་བྱས་པའི་རྨང་གཞིའི་སྟེང་སྤེལ་བ་ཡིན་ལ། ཐེངས་འདིའི་བྱ་འགུལ་བརྒྱུད་དེ་ང་ཚོས་གནས་བབ་གསར་བའི་འོག་ཏུ་ཏང་ནང་ཁུལ་གྱི་ཐུན་མོང་གི་སློབ་གསོ་བྱ་འགུལ་ཇི་ལྟར་སྤེལ་བའི་ཐད་ནས་ངོས་ཟིན་གསར་བ་ཐོབ་པ་དང་ཉམས་མྱོང་གསར་བ་གང་མང་བསགས། ཏང་ནང་ཁུལ་དུ་ཐུན་མོང་གི་སློབ་གསོའི་བྱ་འགུལ་སྤེལ་སྐབས་ངེས་པར་དུ་གནད་ཆེ་ས་འབུར་དུ་ཐོན་པར་བྱེད་པ་དང་མགོ་ཁྲིད་པས་སྣེ་ཁྲིད་བཟང་བོ་བྱེད་དགོས་ལ། ངེས་པར་དུ་གོང་འོག་ཚང་མར་འབྲེལ་འདྲིས་དམ་པོ་བྱེད་པ་དང་མང་ཚོགས་ལ་ཡིད་ཆེས་ཆེན་པོ་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་གནས་བབ་གསར་བའི་འོག་ཏུ་ཏང་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པའི་ཐད་ལ་ཐུགས་རེ་བརྒྱད་བཏོན། གཅིག ཏང་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་དངོས་འབེབས་བྱེད་དགོས། གཉིས། བསམ་བློ་ཏང་འཛུགས་དང་ལམ་ལུགས་ཏང་འཛུགས་ཟུང་འབྲེལ་དམ་པོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གསུམ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་གཟབ་ནན་བྱེད་དགོས། བཞི། ལས་བྱེད་པའི་དོ་དམ་ནན་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ལྔ། རྒྱུན་མཐུད་སྒོས་སྤྱོད་ཚུལ་ལེགས་སྒྱུར་བྱེད་དགོས། དྲུག ཏང་གི་སྒྲིག་ལམ་ནན་འཛིན་བྱེད་དགོས། བདུན། མི་དམངས་ཀྱི་ལྟ་རྟོག་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས། བརྒྱད། ཏང་སྐྱོང་ནན་མོ་བྱེད་པའི་ཆོས་ཉིད་གསལ་བོར་ཤེས་པར་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་ཚོགས་ཆེན་ལ་མགོ་འཛིན་མཛད་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ལས་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། སློབ་གསོ་ལག་ལེན་བྱ་འགུལ་གྱི་ཉམས་མྱོང་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་པ་དང་། གནས་བབ་གསར་བའི་འོག་ཏུ་ཏང་སྐྱོང་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པའི་ཐད་ལ་བཀོད་སྒྲིག་དང་རེ་བ་གསལ་བོ་བཏོན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག