མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མགོ་འཛིན་མཛད་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་བསྡུས།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-02 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྲོས་ཚོགས་བསྡུས་ཏེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱས་པ་དང་། ཏང་ཡོངས་སུ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བར་སྤྱི་བསྡོམས་བྱས་པར་མ་ཟད། སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་ཇེ་བརྟན་དང་རྒྱ་བསྐྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དེ་ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་པེ་ཅིན་ནས་བསྡུ་རྒྱུའི་ཐག་བཅད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་གུང་ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན་མ་ཡིག་དེ་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ཞིག་ནས་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་ཏེ། ཐེངས་འདིའི་གྲོས་ཚོགས་སྟེང་གྲོས་བསྡུར་བྱས་པའི་བསམ་འཆར་ལྟར་བཟོ་བཅོས་བྱས་རྗེས་ཡིག་ཆ་མ་ཡིག་དེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བལྟས་ན། ཐེངས་འདིའི་བསམ་འཆར་བསྡུ་ལེན་མ་ཡིག་དེས་ཏང་ནང་གི་དམངས་གཙོ་འདོན་སྤེལ་གང་ལེགས་བྱེད་པ་དང་། བསམ་འཆར་ཡོངས་ཁྱབ་ཏུ་ཉན་པར་མ་ཟད། ས་གནས་སོ་སོ་དང་ལས་ཁུངས་སོ་སོ། འབྲེལ་ཡོད་ཕྱོགས་སོ་སོ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་འཐུས་མི་བཅས་ཀྱིས་ཡིག་ཆ་མ་ཡིག་ལ་བསམ་འཆར་དང་གྲོས་གཞི་མང་པོ་བཏོན་པས། དོན་ཚན་རེ་རེ་བཞིན་དུ་ཞིབ་འཇུག་དང་བསྡུ་ལེན་བྱེད་པ་དང་། ཡིག་ཆ་བཟང་བོར་བཀོད་དེ། གནས་བབ་གསར་བའི་འོག་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཡང་དག་པའི་མཛུབ་སྟོན་འདོན་སྤྲོད་བྱེད་དགོས་པར་སྙམ།

ཚོགས་ཐོག་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ། ཏང་གི་སྲིད་འཛིན་ནུས་པ་དང་སྲིད་འཛིན་ཆུ་ཚད་མཐོར་འདེགས་སུ་གཏོང་བ་བཅས་བྱེད་དགོས་ན། ངེས་པར་དུ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།  

ཚོགས་ཐོག་ནས་བསྟན་དོན། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་དེ2013ལོའི་ཟླ་དྲུག་པ་ནས་མགོ་བརྩམས་ཏེ་2014ལོའི་ཟླ་དགུ་བའི་ཟླ་མཇུག་བར་དུ་ཕལ་ཆེར་མཇུག་རྫོགས། བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་ཚན་རིག་ལྟར་ཇུས་འགོད་བྱས་པ་དང་ཚད་གཞི་མཐོན་པོ་གཏན་འཁེལ་བྱས་ནས། རང་སྟེང་ནས་ལག་བསྟར་བྱེད་མགོ་བརྩམས་པ་དང་། ནན་ཏན་སྒོས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་ཏེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་ཡིད་ཆེས་དང་སྟོབས་ཤུགས་ཆེན་པོ་བརྒྱུད་སྒྲོག་བྱས། ཐེངས་འདིའི་སློབ་གསོ་ལག་ལེན་བྱ་འགུལ་གྱིས་རང་སྐྱོན་སེལ་བ་དང་བྱ་སྤྱོད་དྲང་མོ། རང་སྐྱོན་རང་སེལ། རང་སྐྱོན་ཡོ་བསྲང་བཅས་ཀྱི་སྤྱིའི་རེ་བ་ལག་ལེན་མཐར་ཕྱིན་བྱས་པ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དག་གཙང་རང་བཞིན་སྲུང་འཛིན་བྱེད་པར་དམ་པོར་དམིགས་ཏེ། དམངས་ཀྱི་དོན་དུ་བྱ་བ་སྒྲུབ་པ་དང་སྤྱོད་གཙང་ཡོང་བར་བྱེད་པ་ནང་དོན་གཙོ་བོར་བཟུང་སྟེ། རྫོང་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ཚན་ཁག མགོ་ཁྲིད་ལས་བྱེད་པ་བཅས་གཙོ་ཡིན་པའི་ཏང་ཡོན་ཡོངས་ལ་མར་ཁེ་སི་རིང་ལུགས་ཀྱི་མང་ཚོགས་ལྟ་བར་ཤུགས་སྣོན་པ་དང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་ཏེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་མི་དམངས་མང་ཚོགས་ལ་བསམ་འཆར་མང་པོ་ཡོད་པའི་གནད་དོན་གཙོ་བོ་ཐག་གཅོད་བྱས་ཏེ། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་སྟོབས་དང་ལྡན་པའི་ཁག་ཐེག་འདོན་སྤྲོད་བྱས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཀུན་སྤྱོད་འཛུགས་སྐྲུན་བྱ་བ་མུ་མཐུད་དུ་དམ་འཛིན་བྱས་ནས། བྱ་འགུལ་ཁྲོད་ཐག་གཅོད་བྱས་མེད་པའི་གནད་དོན་མུ་མཐུད་དུ་ཐག་གཅོད་བྱས་ནས། སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་ཧུར་ཐག་སྒོས་ཇེ་བརྟན་དང་རྒྱ་བསྐྱེད་དེ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་སྤྱོད་ངན་བཞིར་ངོ་རྒོལ་དང་ཀུན་སྤྱོད་ལེགས་བསྒྱུར་བྱེད་པའི་རྒྱུན་ལྡན་རང་བཞིན་གྱི་ཀུན་སྤྱོད་འཛུགས་སྐྲུན་ལ་ཧུར་ཐག་སྒོས་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག