མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཧྥ་རན་སིའི་རིམ་པ་མཐོ་བའི་མི་གཞུང་བརྗེ་རེས་ལས་ཁུངས་འཛུགས་མགོ་རྩོམ་པའི་མཛད་སྒོ་དང་གྲོས་ཚོགས་ཐེངས་དང་པོ་བསྡུས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-19 11:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། ཀྲུང་གོ་དང་ཧྥ་རན་སིའི་རིམ་པ་མཐོ་བའི་མི་གཞུང་བརྗེ་རེས་ལས་ཁུངས་འཛུགས་མགོ་རྩོམ་པའི་མཛད་སྒོ་དང་གྲོས་ཚོགས་ཐེངས་དང་པོ་ཕ་རེ་སི་ནས་བསྡུས། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

ཞི་ཅིན་ཕེན་གྱིས་འཕྲིན་ཡིག་ནང་གསུངས་རྒྱུར། ཀྲུང་གོ་དང་ཧྥ་རན་སི་གཉིས་ནི་འཛམ་གླིང་གི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་ནང་གི་དམིགས་བསལ་གྱི་འབྲེལ་བ་ཡིན་ལ། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན། ཁྱད་པར་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་དངོས་སུ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱིས་མི་གཞུང་བརྗེ་རེས་དང་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་འགྲོ་འོང་ཇེ་དམ་དུ་བཏང་བ་དང་། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གསར་བསྐྲུན་རང་བཞིན་གྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཟེར།

ཞི་ཅིན་ཕེན་གྱིས་ཀྲུང་གོ་དང་ཧྥ་རན་སིའི་རིམ་པ་མཐོ་བའི་མི་གཞུང་བརྗེ་རེས་ལས་ཁུངས་བཙུགས་ནས་ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་འབྲེལ་བ་དང་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་གསར་བ་སྣོན་པར་རེ་བ་བྱེད་ཀྱིན་ཡོད་ཅེས་ནན་གྱིས་གསུངས།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག