མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཁེ་ལས་ཆུང་གྲས་གོང་འཕེལ་གཏོང་རྒྱུར་ཟུར་སྐྱོར་སྔར་ལས་ལྷག་པ་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-18 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་དགུ་པའི་ཚེས་བཅུ་བདུན་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས། ཁེ་ལས་ཆུང་གྲས་གོང་འཕེལ་གཏོང་རྒྱུར་ཟུར་སྐྱོར་སྔར་ལས་ལྷག་པ་བྱས་ཏེ་མི་ཚང་མས་བྱ་གཞག་གསར་གཏོད་དང་གསར་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པའི་བཀོད་སྒྲིག་གནང་བ་དང་། ཁྱོན་ཡོངས་ནས་གནས་སྐབས་ཀྱི་རོགས་སྐྱོར་ལམ་ལུགས་བཙུགས་ནས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འཚོ་བར་རོགས་སྐྱོར་བྱེད་དགོས་པའི་གཏན་འབེབས་གནང་ཡོད་པ་རེད།

གྲོས་ཚོགས་ཐོག ད་ཡོད་ཀྱི་ཁེ་ལས་ཆུང་གྲས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མུ་མཐུད་དེ་ལག་བསྟར་བྱེད་པ་དང་དུས་མཚུངས། གཙོ་གནད་ཐོག་གཤམ་གསལ་གྱི་སྲིད་ཇུས་གསར་པ་བཏོད་དགོས་པ་སྟེ། གཅིག་ནས། སྲིད་གཞུང་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ། དགོས་པ་མེད་པའི་ལག་འཁྱེར་དང་ཐོབ་ཐང་ཞིབ་མཆན་གཙང་སེལ་བྱེད་རྒྱུ་མགྱོགས་སུ་བཏང་ནས། ཁེ་ལས་ཆུང་གྲས་ཀྱི་ལས་གཉེར་སྟབས་བདེ་རུ་གཏོང་བ་དང་འགོག་རྐྱེན་སེལ་དགོས། གཉིས་ནས། ཁྲལ་བསྡུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཟླ་རེའི་བྲིན་འཚོང་གྲངས་འབོར་སྒོར་ཉི་ཁྲི་ལས་མི་རྒལ་བའི་ཁེ་ལས་ཆུང་གྲས་དང་ཁེར་རྐྱང་བཟོ་ཚོང་དུད་ཁྱིམ། དེ་བཞིན་སྒེར་གྱི་ཁྲལ་བསྡུའི་རིན་འཕར་བཅའ་ཁྲལ་དང་ཁེ་གཉེར་བཅའ་ཁྲལ་གནས་སྐབས་མི་བསྡུ་རྒྱུའི་རྨང་གཞིའི་འོག ད་ལོའི་ཟླ་བ་བཅུ་པའི་ཚེས་གཅིག་ཉིན་ནས་སྤྱི་ལོ་2015ལོའི་ལོ་མཇུག་བར། ཟླ་རེའི་བྲིན་ཚོང་བྱེད་ཚད་སྒོར་ཉི་ཁྲི་ནས་གསུམ་ཁྲི་ཡིན་པ་རྣམས་དཔྱ་ཁྲལ་མི་བསྡུ་རྒྱུའི་ཁྱབ་ཁོངས་སུ་བཅུག་རྒྱུ་ཡིན་པ། གསུམ་ནས། མ་རྩ་རུབ་བསྡུས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ལས་སྒོའི་ཁ་གསབ་དང་ལས་སྒོའི་བྱ་དགའི་དངུལ་མཐོ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་བཟུང་ནས། ཁག་ཐེག་དང་དངུལ་རྩ། དེ་བཞིན་ཕྱི་ཕྱོགས་ཉོ་ཚོང་གི་ཕྱོགས་བསྡུས་ཞབས་ཞུ་སོགས་ཀྱི་ལས་ཁུངས་ནས་ཁེ་ལས་ཆུང་གྲས་ལ་དངུལ་རྩའི་ཞབས་ཞུ་མཁོ་འདོན་བྱེད་རྒྱུར་སྣེ་ཁྲིད་བྱེད་རྒྱུ་ཡིན་པ། བཞི་ནས། ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ་ཁེ་ལས་ཆུང་གྲས་ནང་ལས་ཞུགས་ཐུབ་རྒྱུར་ཡིད་འགུག་བྱས་ཏེ། སྤྱི་ཚོགས་ཀྱི་འགན་བཅོལ་ཁ་གསབ་སྤྲོད་རྒྱུ་ཡིན་པ། ལྔ་ནས་ཁེ་ལས་འབྲིང་ཆུང་གི་ཆེད་དོན་མ་དངུལ་གྱིས། ཁེ་ལས་ཆུང་གྲས་ཀྱི་བྱ་གཞག་གསར་གཏོད་རྟེན་གཞིར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ས་གནས་ཀྱི་ཁེ་ལས་འབྲིང་ཆུང་ལ་མ་དངུལ་ཟུར་སྐྱོར་བྱས་ནས། ཁེ་ལས་ཆུང་གྲས་རྒྱབ་སྐྱོར་བྱེད་ཡུལ་ཁོངས་སུ་བཅུག་རྒྱུར་སྐུལ་ལྕག་བྱེད་རྒྱུ་ཡིན་པ། དྲུག་ནས། ཁེ་ལས་ཆུང་གྲས་ལ་ཞབས་ཞུ་གྲུབ་པའི་ཆ་འཕྲིན་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་ལ་སྲིད་ཇུས་ཆ་འཕྲིན་ཐོབ་རྒྱུར་སྟབས་བདེ་སྐྲུན་དགོས་པ་དང་། གྲངས་གཞི་ཆེན་པོ་དང་ཡུན་རྩིས་རྒྱག་སོགས་ཀྱི་ལག་རྩལ་བེད་སྤྱད་ནས་ཕན་འབྲས་སྔར་ལས་མཐོ་བའི་ཞབས་ཞུ་མཁོ་འདོན་བྱེད་དགོས་པ་བཅས་གཏན་ཁེལ་བྱས་ཡོད། གྲོས་ཚོགས་ཐོག ས་གནས་ཁག་དང་སྡེ་ཁག་ཁག་གིས་སྲིད་ཇུས་གང་མགྱོགས་དོན་འཁྱོལ་ཡོང་རྒྱུ་འགན་ལེན་བྱེད་དགོས་པ་མ་ཟད། འོས་འཚམ་སྐབས་བྱ་ཐབས་སྔར་ལས་ལྷག་པ་བཟུང་ནས། ཁེ་ལས་ཆུང་གྲས་ལ་ཕན་པ་ཐོབ་རྒྱུར་རོགས་རམ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་དང་།

གྲོས་ཚོགས་ཐོག སྤྱི་ཚོགས་རོགས་སྐྱོར་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས་ཞེས་པར་གཞིགས་ན། ཁྱོན་ཡོངས་ནས་གནས་སྐབས་ཀྱི་རོགས་སྐྱོར་ ལམ་ལུགས་འཛུགས་པ་དེས། གློ་བུར་དུ་ཐོན་པའི་དོན་རྐྱེན་དང་བསམ་ཡུལ་ལས་འདས་པའི་གནོད་འཚེ་ཕོག་པ། ཚབས་ཆེའི་ནད་གཞིའམ་དམིགས་བསལ་རྒྱུ་རྐྱེན་གཞན་དག་དབང་གིས་འཚོ་བར་དཀའ་ངལ་འཕྲད་པ་དང་སྤྱི་ཚོགས་ཀྱི་རོགས་སྐྱོར་གཞན་དག་གིས་གནས་སྐབས་རིང་ཐག་གཅོད་བྱེད་མི་ཐུབ་པའམ་རོགས་སྐྱོར་བྱས་རྗེས་གཞི་རྩའི་འཚོ་བར་སྔར་བཞིན་དཀའ་ངལ་ཆེན་པོ་ཡོད་པའི་ཁྱིམ་ཚང་དང་མི་སྒེར་ལ། འཕྲལ་བསྟུན་དང་བར་བརྒལ་རང་བཞིན་གྱི་རོགས་སྐྱོར་བྱས་ཏེ། མ་མཐའི་འཚོ་བ་འགན་ལེན་བྱས་ནས། སྤྱི་ཚོགས་རོགས་སྐྱོར་མ་ལག་ཀྱི་སྟོང་ཆ་སྐོང་རྒྱུ་ཡིན་པ་རེད། གནས་སྐབས་ཀྱི་རོགས་སྐྱོར་ཐད་ས་གནས་སྲིད་གཞུང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་རྒྱུ་དང་རོགས་སྐྱོར་མ་དངུལ་ས་གནས་ཀྱི་སྔོན་རྩིས་ནང་བཅུག་རྒྱུ་ཡིན་པ། ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་འོས་འཚམས་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད། གྲོས་ཚོགས་ཐོག འཕྲལ་བསྟུན་གྱི་མྱུར་སྐྱོབ་བྱ་སྤྱོད་རྒྱུན་འཁྱོངས་བྱེད་པ་དང་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས། སྲིད་གཞུང་གི་རོགས་སྐྱོར་དང་སྤྱི་ཚོགས་ཀྱི་ཟུར་སྐྱོར། ཁྱིམ་ཚང་གི་རང་སྐྱོབ་བཅས་བཟུང་འབྲེལ་ཡག་པོ་བྱེད་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་བྱས་ནས། མི་དམངས་མང་ཚོགས་ཀྱི་སེམས་ནང་འདེང་ཚོད་ཡོད་པ་དང་བྱ་གཞག་གསར་གཏོད་བྱེད་ཕོད་པ། ཕྱིན་བྱུང་གི་འཚོ་བ་སེམས་ཁྲལ་མེད་པ་བཅས་འགན་ལེན་བྱེད་དགོས་ཞེས་ནན་སྟོན་བྱས་པ་དང་། གྲོས་ཚོགས་ཐོག་ད་དུང་། དོན་ཚན་གཞན་དག་ཁག་ལ་ཞིབ་འཇུག་བྱས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག