མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཚུད་ཧྲེ་ཨན་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་བཞི་པའི་སྲིད་འཛིན་དཔོན་ལ་བསྐོ་བཞག་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-09-18 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གཙོ་སྐྱོང་དང་སྐོང་འཚོགས་གནང་སྟེ། ཚུད་ཧྲེ་ཨན་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་བཞི་པའི་སྲིད་འཛིན་དཔོན་ལ་བསྐོ་བཞག་བྱེད་རྒྱུ་དང་། སྤྱི་ལོ2014ལོའི་ཟླ12པའི་ཚེས20ཉིན་ནས་འགན་གནས་བཞེས་རྒྱུའི་གཏན་འབེབས་གནང་ཡོད་པ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིད་ནས་ཚོགས་འདུར་ཞུགས་པ་དང་། ཚོགས་འདུའི་ཐོག ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཚུད་ཧྲེ་ཨན་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་བཞི་པའི་སྲིད་འཛིན་དཔོན་ལ་འདེམས་རྒྱུའི་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨའོ་མོན་བྱ་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཀོང་ཡ་ཡིས་གནང་བའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་བཞི་པའི་སྲིད་འཛིན་དཔོན་གྱི་འདེམས་མི་ཐོན་སྟངས་ཀྱི་བརྒྱུད་རིམ་སྙན་ཞུ་གནང་བ་གསན་ཡོད་པ་རེད།

ལི་ཁེ་ཆང་གིས་ཐེངས་འདིའི་འདེམས་བསྐོ་ནི་ཁྲིམས་ལྟར་བྱས་པ་ཞིག་ཡིན་པ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་དང་འབྲེལ་ཡོད་ཁྲིམས་ལུགས་ཀྱི་གཏན་འབེབས་དང་ཡོངས་སུ་མཐུན་པ་ཞིག་ཡིན་ཞིང་། ཡོངས་བསྒྲགས་དང་། འདྲ་མཉམ། དྲང་བདེན་བཅས་ཀྱི་རྩ་དོན་མངོན་ཡོད། སྐུ་ཞབས་ཚུད་ཧྲེ་ཨན་ལ་འཕེན་ཤོག་མང་པོ་རག་པ་དེའི་ཐོག་ནས་ཨའོ་མོན་སྤྱི་ཚོགས་ཀྱིས་སྐུ་ཞབས་ཚུད་ཧྲེ་ཨན་ལ་རྒྱ་ཁྱབ་ཀྱིས་ཁས་ལེན་དང་རྒྱབ་སྐྱོར་བྱེད་པ་མཚོན་ཐུབ་ཅེས་གསུངས་པ་དང་།

ལི་ཁེ་ཆང་གིས། ཀྲུང་དབྱང་སྲིད་གཞུང་གིས་ཚུད་ཧྲེ་ཨན་དང་། དེ་བཞིན་ཁོང་གིས་སྣེ་འཁྲིད་གནང་བའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་གདེང་འཇོག་གང་ལེགས་བྱེད་ཀྱི་ཡོད་ཅེས་གསུངས་ཡོད། ད་ལོ་ནི་ཨའོ་མོན་མེས་རྒྱལ་པང་དུ་ལོག་ནས་ལོ་བཅོ་ལྔ་འཁོར་བའི་ལོ་ཡིན། ལི་ཁེ་ཆང་གིས། ཀྲུང་དབྱང་སྲིད་གཞུང་གིས་མུ་མཐུད་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་། ཨའོ་མོན་བས་ཨའོ་མོན་བཅོས་སྐྱོང་། ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་རྒྱུ་དང་། གཞི་རྩའི་བཅའ་ཁྲིམས་ལ་ནན་པོར་གཞིགས་ཏེ་བྱ་དོན་བསྒྲུབས་ཏེ། ནུས་ཤུགས་གང་ཡོད་ཀྱིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་དང་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་བྱེད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་དང་། ནུས་ཤུགས་གང་ཡོད་ཀྱིས་ཨའོ་མོན་གྱིས་དཀའ་ངལ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་གཅོག་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཨའོ་མོན་གྱི་དར་རྒྱས་རྒྱུན་འཁྱོངས་ཐུབ་པ་བྱེད་པའི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་གཞིགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཚང་འཛོམས་གྲོས་ཚོགས་ཀྱིས་ཚུད་ཧྲེ་ཨན་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་བཞི་པའི་སྲིད་འཛིན་དཔོན་ལ་བསྐོ་བཞག་བྱེད་རྒྱུའི་གཏན་འབེབས་བྱས་པ་དང་། ཙུང་ལི་ལི་ཁེ་ཆང་གིས་དེ་འཕྲལ་ཚུད་ཧྲེ་ཨན་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་བཞི་པའི་སྲིད་འཛིན་དཔོན་ལ་བསྐོ་བཞག་བྱེད་རྒྱུའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང655ར་མིང་རྟགས་བཀོད་གནང་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག