མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-18 10:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་བདུན་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བ་འཕེལ་རྒྱས་ཡར་སྐུལ་གཏོང་བའི་ཁེ་ལས་ལས་སྤེལ་དང་གསར་སྐྲུན་བྱ་བར་རོགས་སྐྱོར་བྱེད་པའི་བྱ་བ་བཀོད་སྒྲིག་བྱས་ནས། ཕྱོགས་ཡོངས་ནས་གནས་སྐབས་ཀྱི་རོགས་སྐྱོར་ལམ་ལུགས་བཙུགས་ནས། དཀའ་ཁག་མང་ཚོགས་ཀྱི་དཀའ་ཁག་སེལ་རོགས་བྱེད་རྒྱུ་ཐག་བཅད།

གྲོས་ཚོགས་ནས་བསྟན་དོན། ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བ་ནི་འཕེལ་རྒྱས་ཀྱི་གསོན་ཤུགས་ཡིན་ཞིང་། ལས་ཞུགས་ཀྱི་ཐབས་ལམ་གཙོ་བོ་ཡིན་ལ། གསར་སྐྲུན་གྱི་འབྱུང་རྩ་གལ་ཆེན་ཡང་རེད། སྲིད་སྡུད་དབང་གཏོང་བྱ་བ་ཡར་སྐུལ་བྱེད་དགོས་པ་དང་ནང་སྒོས་སུ་ཚོང་དོན་ལམ་ལུགས་ལག་བསྟར་བྱེད་པ་སོགས་བཅོས་སྒྱུར་བྱས་རྗེས་གསར་དུ་བཙུགས་པའི་ཁེ་ལས་སྐོར་ཞིག་ཇེ་མང་དུ་སོང་། ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བ་ཇེ་མང་དུ་གཏོང་བ་དང་། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་དང་ནང་སྒོས་སུ་བཅོས་སྒྱུར་ཁྲོད་ཀྱི་གསར་བྱུང་མཁན་ལ་རོགས་སྐྱོར་བྱས་ནས། ཁོ་ཚོར་དྲང་བདེན་གྱི་འགྲན་རྩོད་ཁྲོད་ནས་རྒྱ་བསྐྱེད་དགོས་ཟེར།

གྲོས་ཚོགས་ནས་མུ་མཐུད་དུ་ད་ཡོད་ཀྱི་ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་དགོས་པའི་ཞོར་དུ། གཙོ་བོ་སྲིད་ཇུས་གསར་བ་ལག་བསྟར་བྱེད་དགོས། གཅིག་ནས་སྲིད་སྡུད་དབང་གཏོང་སྲིད་ཇུས་སྔར་ལས་ཇེ་ཆེར་གཏོང་དགོས། གཉིས་ནས་ཁྲལ་བསྡུ་བྱ་བར་རྒྱབ་སྐྱོར་བྱེད་དགོས། གསུམ་ནས་དངུལ་བསྡུ་བྱ་བར་རྒྱབ་སྐྱོར་བྱེད་དགོས། བཞི་ནས་ནོར་སྲིད་བྱ་བར་རྒྱབ་སྐྱོར་བྱེད་དགོས། ལྔ་ནས་ཁེ་ལས་ཆེ་འབྲིང་གི་ཆེད་སྤྱོད་མ་དངུལ་གྱིས་ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བ་གསར་སྐྲུན་བྱེད་པའི་རྟེན་གཞི་ཇེ་ཆེར་གཏོང་བར་རྒྱབ་སྐྱོར་བྱས་ནས། ས་གནས་ཀྱི་ཁེ་ལས་འབྲིང་ཆུང་ལ་རོགས་སྐྱོར་བྱས་ནས་ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བ་རོགས་སྐྱོར་བྱེད་ཡུལ་དུ་འགོད་དགོས། དྲུག་ནས་ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བར་ཞབས་ཞུ་བསྒྲུབ་པའི་ཆ་འཕྲིན་ཁོངས་གཏོགས་འཛུགས་སྐྲུན་བྱ་བ་ཇེ་ཆེར་བཏང་ནས། ཁེ་ལས་ལ་སྲིད་ཇུས་ཀྱི་ཆ་འཕྲིན་ཐད་ནས་སྟབས་བདེ་བཟོས་ནས། གྲངས་ཀ་ཆེན་པོ་དང་། རྩིས་འཁོར་སོགས་བཀོལ་བའི་ལག་རྩལ་འདོན་སྤྲོད་བྱེད་རྒྱུ་ཐག་བཅད།  

གྲོས་ཚོགས་ནས་ས་གནས་དང་སྡེ་ཁག་སོ་སོས་སྲིད་ཇུས་གང་མགྱོགས་སྒོས་དངོས་འབེབས་བྱེད་དགོས་པ་མ་ཟད། སྔར་ལས་བྱེད་ཐབས་བཏོན་ནས། ཁེ་ལས་ཆུང་བ་དང་ཁེ་ལས་ཆེས་ཆུང་བར་ཕན་འབྲས་ཐོབ་པར་རོགས་རམ་བྱེད་དགོས་པའི་རེ་བ་བཏོན།

གྲོས་ཚོགས་ནས«སྤྱི་ཚོགས་རོགས་སྐྱོར་གནས་སྐབས་བྱེད་ཐབས»ལྟར། ཕྱོགས་ཡོངས་ནས་གནས་སྐབས་རོགས་སྐྱོར་ལམ་ལུགས་བཙུགས་ཏེ། གློ་བུར་དུ་དོན་རྐྱེན་བྱུང་ནས་རྨས་ཕོག་པ་དང་། ནད་ལྗིད་མོ་ཕོག་པ། ཡང་ན་རྒྱུ་རྐྱེན་གང་མང་ལས་འཚོ་བར་དཀའ་ཁག་ཐེབས་མཁན་དང་། སྤྱི་ཚོགས་ཀྱི་རོགས་སྐྱོར་བྱ་བ་དེ་རྒྱ་བསྐྱེད་མ་ཐུབ་པར་གཞི་རྩའི་འཚོ་བར་དཀའ་ཁག་ཆེན་པོ་ཐེབས་པའི་ཁྱིམ་ཚང་དང་མི་སྒེར་ལ་ཐབས་བརྒྱ་ཇུས་སྟོང་སྒོས་མྱུར་དུ་རོགས་སྐྱོར་བྱེད་དགོས་པའི་ཐག་བཅད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག