མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་ཀྱིས་ཨ་མེ་རི་ཁའི་ཏི་ཁི་ས་སི་ཀྲིག་གི་ཀྲིག་ཀྲང་ལི་ཁི་ཕེ་ལི་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-11 11:17

ཚེས་བཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་ཏི་ཁི་ས་སི་ཀྲིག་གི་ཀྲིག་ཀྲང་ལི་ཁི་ཕེ་ལི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས་བཅུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་ཏི་ཁི་ས་སི་ཀྲིག་གི་ཀྲིག་ཀྲང་ལི་ཁི་ཕེ་ལི་ལ་མཇལ་འཕྲད་གནང་།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། མིག་སྔར་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་། ནུས་ཁུངས། ཁོར་ཡུག་སྲུང་སྐྱོབ། ས་གནས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད་པར་མ་ཟད། གལ་ཆེ་བའི་རྒྱལ་སྤྱིའི་གནད་དོན་ཐད་ནས་ཕན་ཚུན་ལ་མཐུན་སྦྱོར་དང་གཞོགས་འདེགས་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་བའི་ངང་ནས་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་ཡར་སྐུལ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་ས་གནས་བར་གྱི་མཉམ་ལས་བརྗེ་རེས་དང་འབྲལ་ཐབས་མེད་ལ། ཏི་ཁི་ས་སི་ཀྲིག་གིས་ཀྲུང་གོའི་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་བར་གྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ནུས་ཁུངས། སྨན་བཅོས། མཐོ་གསར་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་བརྗེ་རེས་མཉམ་ལས་ལ་སྒུལ་ཤུགས་གསར་བ་སྣོན་དགོས་ཟེར།

ལི་ཁི་ཕེ་ལི་ཡིས་བསྟན་དོན། ཏི་ཁི་ས་སི་ཀྲིག་གིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱས་ནས་ཕྱོགས་གཉིས་བར་གྱི་དངོས་གཉེར་མཉམ་ལས་འབྲེལ་བ་ཧུར་བརྩོན་སྒོས་འཕེལ་རྒྱས་སུ་བཏང་སྟེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྐྱོན་བྲལ་བའི་ངང་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག