མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཏེན་མག་གི་དབུ་བཞུགས་བློན་ཆེན་ཐའོ་ཉིན་ཧྲི་མུས་ཐི་ལ་མཇལ་འཕྲད་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-09-11 09:57

ཚེས་དགུའི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏེན་མག་གི་དབུ་བཞུགས་བློན་ཆེན་ཐའོ་ཉིན་ཧྲི་མུས་ཐི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་དགུའི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཏེན་མག་གི་དབུ་བཞུགས་བློན་ཆེན་ཐའོ་ཉིན་ཧྲི་མུས་ཐི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕེན་གྱིས་ཐའོ་ཉིན་ཧྲི་མུས་ཐི་ཀྲུང་གོར་བསྡུ་བཞིན་པའི་དབྱར་ཁའི་ཏ་ཨོ་སི་གླེང་སྟེགས་ཀྱི་ལོ་ཚོགས་ལ་ཞུགས་པར་ཡོང་བར་དགའ་བསུ་ཞུས། ཞི་ཅིན་ཕེན་གྱིས་བསྟན་དོན། ཏེན་མག་ནི་ཆེས་སྔ་མོར་ཀྲུང་གོ་གསར་བའི་བར་འབྲེལ་བ་བཙུགས་པའི་ནུབ་ཕྱོགས་རྒྱལ་ཁབ་གྲས་ཀྱི་གཅིག་ཡིན་པར་མ་ཟད། ཀྲུང་གོ་དང་མཉམ་དུ་ཁྱོན་ཡོངས་ནས་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བཙུགས་པའི་ཡོ་རོབ་གླིང་བྱང་མའི་རྒྱལ་ཁབ་ཅིག་ཡིན། སང་ལོ་ནི་རྒྱལ་ཁབ་གཉིས་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་རེ་ལྔ་ལོན་པའི་ལོ་ཡིན་ལ། ཕྱོགས་གཉིས་ཀྱིས་གོ་སྐབས་དེ་མགོ་རྩོམ་ས་གསར་བའི་ལམ་ཚད་རྡོ་རིང་ལྟ་བུར་བརྩིས་ནས་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ངོས་ཐད་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་གཉིས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་གྱི་ཐད་ནས་མུ་མཐུད་དུ་ཕན་ཚུན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་ཏེ། ཕྱོགས་གཉིས་བར་གྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་ནས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དེ་སྔར་ལས་སྲ་བརྟན་ཡིན་པའི་རྨང་གཞིའི་སྟེང་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོས་རྣམ་པ་གསར་བའི་བཟོ་ལས་ཅན་དང་ཆ་འཕྲིན་ཅན། གྲོང་བརྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་ལ་སྐུལ་འདེད་གཏོང་བཞིན་པའི་སྒང་ཡིན་ལ། ཏེན་མག་ཕྱོགས་ལ་མཚོན་ན་འབྲེལ་ཡོད་ཁྱབ་ཁོངས་ནས་ཐུན་མོང་མ་ཡིན་པའི་མཉམ་མྱོང་དང་ལག་རྩལ་གྱི་ཁྱད་སྟོབས་མང་པོ་ཡོད་པས། ཕྱོགས་གཉིས་ཀྱི་བརྗེ་རེས་དང་ཕན་ཚུན་དཔེ་ལྟ་བྱེད་པར་ཤུགས་བསྣན་ནས་མཉམ་ལས་ཀྱི་ཁྱབ་རྒྱ་ཇེ་ཆེར་གཏོང་དགོས་པར་མ་ཟད། ཕན་ཚུན་བར་གྱི་མི་སྣའི་འགྲོ་འོང་ཇེ་མང་དུ་གཏོང་བ་དང་ན་གཞོན་སློབ་མའི་བར་གྱི་བརྗེ་རེས་ལ་རྒྱབ་སྐྱོར་བྱས་ཏེ། ཕྱོགས་གཉིས་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཐའོ་ཉིན་ཧྲི་མུས་ཐི་ཡིས་བསྟན་དོན། ཏེན་མག་དང་ཀྲུང་གོའི་འབྲེལ་བ་དེ་ད་ལྟ་ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་སླེབས་ཡོད་པ་དང་ད་ལོའི་ཟླ་བཞི་བར་རྒྱལ་མོ་མཱ་ཀི་ལི་ཐི་སྐུ་ཕྲེང་གཉིས་པས་ཀྲུང་གོར་ཆེད་དུ་ཕུན་སུམ་ཚོགས་པའི་རྒྱལ་དོན་འཚམས་འདྲི་བྱས་པར་མ་ཟད། གཞན་ད་རུང་ད་ལོའི་ཟླ་བཅུ་བའི་ནང་ཏེན་མག་གི་ནང་སྲིད་བློན་ཆེན་གྱིས་ཀྱང་ཀྲུང་གོར་འཚམས་འདྲི་བྱས་པ་ཡིན་ལ། འདི་དག་ཚང་མས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་རྒྱ་ཆེ་བ་དང་འབྲེལ་བ་དམ་ཟབ་ཡིན་པ། གྲུབ་འབྲས་ཕུན་སུམ་ཚོགས་པ་ཡིན་པ་དེ་བདེན་དཔང་བྱས་ཡོད། བདག་གིས་ཐེངས་འདིའི་འཚམས་འདྲི་བརྒྱུད་ནས་ཀྲུང་གོའི་བར་གྱི་རྒྱུས་ལོན་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་ཐུབ་པར་རེ་བ་བྱེད་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག