མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་ཁ་ལིས་མའོ་ཧྥུའུ་དང་གྲོས་མོལ་མཛད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-20 11:42

ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་ཁ་ལིས་མའོ་ཧྥུའུ་དང་གྲོས་མོལ་མཛད་པ་དང་། གྲོས་མོལ་མ་མཛད་པའི་སྔོན་ལ། ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་ཁ་ལིས་མའོ་ཧྥུའུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་དགུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་ཁ་ལིས་མའོ་ཧྥུའུ་དང་གྲོས་མོལ་མཛད་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། འདྲ་མཉམ་གཉིས་ཕན་དང་བདེ་སྡུག་མཉམ་མྱོང་། མཉམ་ལས་མཉམ་རྒྱལ་བཅས་ཀྱི་ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མཉམ་འཛུགས་བྱེད་རྒྱུའི་ཐག་བཅད།

གྲོས་མོལ་མཛད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཆུ་ཚད་དུ་གནས་ཤིང་། རྒྱལ་ཁབ་གཉིས་ཀྱིས་ཆབ་སྲིད་ཐད་ཀྱི་ཡིད་ཆེས་དང་འཐབ་ཇུས་རོགས་ལས། གཉིས་ཕན་མཉམ་ལས་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་བདེ་འཇགས། མི་གཞུང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་དང་དེ་མིན་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་ཐད་ལ་སྤྱད་པའི་བྱེད་ཐབས་སྣ་ཚོགས་ལ་རྒྱབ་སྐྱོར་བྱེད་པ་ཡིན། དེ་རིང་ང་ཚོས་ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་འཆར་གཞིར་ཆོག་མཆན་འགོད་ངེས་ཡིན་པས། ཕྱོགས་གཉིས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་ཟེར།

ཁ་ལིས་མའོ་ཧྥུའུ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ད་ནིང་གི་ཟླ་དགུ་བར་ཝུའུ་ཙི་པེ་ཁི་སི་ཐན་ལ་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བ་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་དོན་སྙིང་གལ་ཆེན་ཡོད། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕེན་དང་མུ་མཐུད་དུ་འབྲེལ་འདྲིས་དམ་པོ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་པར་མ་ཟད། ཕྱོགས་གཉིས་བར་གྱི་ཉོ་ཚོང་བརྗེ་རེས་དང་མི་གཞུང་བརྗེ་རེས་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་དུང་གསར་འགོད་པར་ཐུག་འཕྲད་བྱས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བདག་དང་ཙུང་ཐུང་ཁ་ལིས་མོ་ཧྥུའུ་གཉིས་ཀྱིས་གྲུབ་འབྲས་ལྡན་པའི་གྲོས་མོལ་མཛད་དེ་ཐུན་མོང་གི་ལྟ་ཚུལ་གང་མང་བྱུང་། ང་ཚོས་ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་འཆར་འགོད་གཏན་འཁེལ་བྱས་ནས། གོ་རིམ་རྗེས་མར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་རྨང་གཞི་བརྟན་པོ་བཏིངས་པར་མ་ཟད་ཁ་ཕྱོགས་གསལ་བོར་བསྟན།

ཁ་ལིས་མའོ་ཧྥུའུ་ཡིས་བཤད་རྒྱུར། ཀྲུང་གོ་མི་དམངས་ལ་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱས་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བསྐྱོད་ཐུབ་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ལ། རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་ཐུབ་པར་བདག་ལ་ཡིད་ཆེས་ཡོད། ཝུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་སྲོལ་རྒྱུན་མཛའ་བཤེས་སྔར་ལས་ཇེ་ཟབ་ཏུ་འགྲོ་བའི་སྨོན་འདུན་ཞུ་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་ནས་ཁ་ལིས་མའོ་ཧྥུའུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་པ་དང་། ཞི་ཅིན་ཕེན་གྱི་ལྕམ་མོ་ཕིན་ལིས་ཡོན་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཨེ་ལིས་ཀིན་ཡེ་མེན་པ་ཧི། རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཡོན་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག