མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་དཔལ་འབྱོར་གནས་བབ་གསར་པའི་ཐོག་སླེབས་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-18 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བརྒྱ་ཆ་བདུན་དང་གྲངས་ཆུང་བཞི་ནི་ཀྲུང་གོའི་དཔལ་འབྱོར་གྱི་ད་ལོའི་ལོ་སྟོད་ཀྱི་གྲུབ་འབྲས་ཤིག་རེད། དེ་ཡང་སྤྱི་ལོ2012ལོའི་དུས་ཚིགས་དང་པོ་ནས་བཟུང་། ཀྲུང་གོའི་དཔལ་འབྱོར་གྱི་འཕར་ཚད་དེ་བསྟུད་མར་དུས་ཚིགས་བཅུའི་ནང་བརྒྱ་ཆ་བདུན་དང་གྲངས་ཆུང་ལྔའི་བར་ཁམས་སུ་འཕེལ་འགྱུར་བྱས་ཡོད་པ་རེད།

བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་སུམ་ཅུ་འདས་པའི་ནང་། ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་ངང་འཕར་བ་དང་། གོ་གནས་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས། ཐོག་མའི་ཡོང་འབབ་དམའ་བའི་རྒྱལ་ཁབ་ཅིག་ནས་ཡོང་འབབ་འབྲིང་གྲས་ཀྱི་རྒྱལ་ཁབ་ཀྱི་འབངས་གྲལ་ནང་ཚུད་ཡོད་པ་མ་ཟད། སྤྱི་ལོ2010ལོར་ཡོང་འབབ་འབྲིང་སྟོད་ཀྱི་རྒྱལ་ཁབ་ཀྱི་འབངས་གྲལ་ནང་ཚུད་ཡོད། ཡིན་ནའང་ལོ་འདི་དག་ནང་ངལ་རྩོལ་ནུས་ཤུགས་དང་། ས་ཆ་སོགས་མཁོ་སྤྲོད་ཀྱི་རྒྱུ་ཆའི་འཕར་ཚད་འགོར་དུ་ཕྱིན་པ་དང་། དེ་བཞིན་དགོས་མཁོའི་བར་ཁམས་མངོན་གསལ་དོད་པོས་ཆུང་དུ་ཕྱིན་པས། ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་ངང་འཕར་བར་འདེགས་སྐྱོར་བྱེད་མཁན་གྱི་མངོན་མེད་ཐོན་སྐྱེད་བྱེད་ཚད་ཆག་ཡོད། འོ་ན་ཀྲུང་གོའི་དཔལ་འབྱོར་འདི་བརྟན་པོའི་ངང་སྐས་རིམ་གསར་པ་ཞིག་གི་ཐོག་བར་བརྒལ་ཐུབ་བམ་ཞེས་ན། ཀྲུང་གོའི་དཔལ་འབྱོར་གོང་སྤེལ་ཐད་རྒྱུན་མཐུད་ངང་དོ་སྣང་གནང་མཁན་ཨ་རིའི་དཔལ་འབྱོར་རིག་པ་མཁས་ཅན་ཉི་ཀེ་ལ་ཏིས། དེར་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་མཁན་ནི་ཀྲུང་གོའི་དཔལ་འབྱོར་བསྒྱུར་བཅོས་ཀྱི་གོམ་སྟབས་ལ་རག་ལུས་པའི་ངོས་འཛིན་གནང་འདུག ཉི་ཁེ་ལ་ཏིས། ལོ་གཉིས་ཀྱི་གོང་དང་བསྡུར་ན། དཔལ་འབྱོར་བསྒྱུར་བཅོས་ཐད་ཁོང་ལ་ཀྲུང་གོའི་དགེ་མཚན་ལྡན་པའི་འཕེལ་རིམ་མང་པོ་མཐོང་བྱུང་། བསྒྱུར་བཅོས་སྔོན་འགྲོར་བརྩིས་ནས་ཀྲུང་གོས་མིག་སྔར་རྒྱུན་གཏན་གྱི་རྣམ་པ་གསར་པའི་འོག གྲུབ་གཞི་ལེགས་སྒྲིག་དང་། བརྗེ་བསྒྱུར་རིམ་སྤོར་གྱི་འགག་གཏོར་དམག་འཐབ་རྒྱག་བཞིན་ཡོད་ཅེས་གསུངས་འདུག ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འཆར་འགོད་བྱས་ཡོད་པ་དང་། དེའི་རྗེས་སུ་ཞིབ་ཕྲའི་བསྒྱུར་བཅོས་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད། དེས་ཁྲོམ་རས་ཐོན་ཁུངས་བགོ་འགྲེམས་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པ་བྱེད་པའི་བསྒྱུར་བཅོས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་ཡོད་ལ། དེ་བས་ཀྱང་ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཞིབ་ཕྲའི་བྱ་ཐབས་དོན་ཚན336ཁ་གསལ་བཟོས་ཡོད། དེ་དག་ཚང་མས་གསོན་ཤུགས་གསར་པ་དང་། འགུལ་ཤུགས་གསར་པ་འདོན་སྤེལ་བྱེད་ཀྱི་ཡོད། ལོ་སྟོད་ཀྱི་དཔལ་འབྱོར་འཕར་སྣོན་མྱུར་ཚད་དེ་ལུགས་མཐུན་གྱི་བར་ཁམས་སུ་གནས་ཐུབ་ཡོད་པ་དང་། དཔལ་འབྱོར་གྱི་གྲུབ་གཞི་སྔར་བས་ལེགས་སུ་ཕྱིན་པ། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་སྣོན་ཐད་ལེགས་སྐྱེས་འབུལ་ཚད་དེ་མ་འཇོག་ལས་བརྒལ་བ། ཞབས་ཞུའི་ལས་རིགས་ཀྱི་འཕར་སྣོན་རིན་ཐང་དེ་མུ་མཐུད་ཐོན་ལས་གཉིས་པ་ལས་བརྒལ་བ། དམངས་ཀྱི་འཚོ་བ་འགན་སྲུང་ཡག་པོ་ཐུབ་ཡོད་ཅིང་། གསར་དུ་ལས་ཀར་ཞུགས་ཐུབ་པའི་མི་གྲངས་ས་ཡ་བདུན་ཟིན་པ། གྲོང་མིའི་ཡོང་འབབ་ཀྱིས་རྒྱལ་དམངས་ཀྱི་ཡོང་འབབ་ནང་ཟིན་པའི་བསྡུར་ཚད་མཐོ་རུ་ཕྱིན་པ། རྒྱུན་གཏན་གྱི་རྣམ་པ་གསར་པའི་ནང་སླེབས་པའི་ཀྲུང་གོའི་དཔལ་འབྱོར་དེ། སྔར་བས་ཕན་འབྲས་ལྡན་པ་དང་། སྔར་བས་རྒྱུན་མཐུད་ཆོག་པ། སྔར་བས་ཀྱང་དམངས་ཀྱི་འཚོ་བར་ཕན་ཐོགས་པ་ཞིག་ཏུ་འགྱུར་བཞིན་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག