མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལུའུ་ཏན་གྱི་ཡོམ་འགོག་གནོད་སེལ་གྱི་གཙོ་གནད་དེ་བར་བརྒལ་བཀོད་སྒྲིག་བྱ་རྒྱུར་འགྱུར་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-18 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡུན་ནན་ལུའུ་ཏན་ཡོམ་འགོག་གནོད་སེལ་བཀོད་འདོམས་པུས་མཁོ་འདོན་བྱས་པའི་གནས་ཚུལ་ཕྱོགས་བསྡུས་བྱས་ཚེ། མིག་སྔའི་བར་སླེབས་སྐབས། ལུའུ་ཏན་གྱི་ཡོམ་འགོག་གནོད་སེལ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་དང་། ཡོམ་འགོག་གནོད་སེལ་ལས་དོན་གྱི་གཙོ་གནད་དེ་མིག་སྔར་གནོད་འཚེ་ཕོགས་པའི་མང་ཚོགས་བར་བརྒལ་བཀོད་སྒྲིག་བྱེད་པ་མ་ཟད། སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་སླར་གསོ་བསྐྱར་འཛུགས་བྱེད་པར་གྲ་སྒྲིག་བྱ་རྒྱུར་འགྱུར་ཡོད་པ་རེད། དེ་དང་དུས་མཚུངས་སུ། གལ་ཆེའི་སྟབས་བསྟུན་ཉེན་འགོག་ལས་དོན་ཁག་གཅིག་སྔར་བཞིན་མུ་མཐུད་སྤེལ་བཞིན་ཡོད་པ་རེད།

མིག་སྔར། གནོད་འཚེའི་ཁྲོད་རྨས་སྐྱོན་ཕོགས་པའི་མི་སྣ་ཚང་མ་ནུས་ལྡན་གྱི་སྐྱོབ་བཅོས་ཐུབ་ཡོད་པ་དང་། གནོད་འཚེ་ཕོགས་པའི་མང་ཚོགས་ཉིས་འབུམ་ལྷག་ཙམ་ཛ་དྲག་གནས་སྤོས་བཀོད་སྒྲིག་བྱས་ཟིན་ཡོད་པས། འཚོ་བའི་རོགས་སྐྱོབ་དང་གནོད་སེལ་དངོས་ཟོག་ཚང་མར་ཁྱབ་ཐུབ་པ་བྱུང་ཡོད། དེའང་གནོད་འཚེ་ཕོགས་པའི་མང་ཚོགས་ཁ་ལག་བཟའ་རྒྱུ་ཡོད་པ་དང་། ཆུ་གཙང་མ་འཐུང་རྒྱུ་ཡོད་པ། གྱོན་གོས་གྱོན་རྒྱུ་ཡོད་པ། བདེ་འཇགས་ཀྱི་གནས་སྐབས་སྡོད་གནས་ཡོད་པ། ནད་གཞི་ཡོད་ཚེ་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་བཅས་མངོན་འགྱུར་ཐུབ་ཡོད། གནོད་འཚེ་ཕོགས་ཁུལ་གྱི་སྲིད་འཛིན་གྲོང་ཚོར་སྐྱོད་པའི་གཞུང་ལམ་ཚང་མ་ཤར་གཏོང་ཐུབ་ཡོད་པ་དང་། དེ་དང་དུས་མཚུངས་སུ་འཕྲིན་གཏོང་དང་། ཆུ་མཁོ་འདོན། གློག་མཁོ་འདོན་བཅས་ཁྱོན་ཡོངས་ནས་སླར་གསོ་ཐུབ་ཡོད་པ་རེད།

སླར་གསོ་བསྐྱར་འཛུགས་ཀྱི་དུས་མཚམས་གོང་མའི་གྲ་སྒྲིག་ལས་དོན་མིག་སྔར་ཛ་དྲག་ངང་སྤེལ་བཞིན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་ལྟར། ཡུན་ནན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚན་པར་གཞོགས་འདེགས་ཧུར་ཐག་བྱས་ནས་ནུས་ཤུགས་ཡོད་རྒུས་འཆར་འགོད་བཟོ་བའི་ལས་དོན་སྤེལ་བཞིན་ཡོད་པ་དང་། ཐོག་མའི་བསམ་གཞིགས་ལ་གཞིགས་ན། ལོ་གསུམ་ནང་སླར་གསོ་བསྐྱར་འཛུགས་བྱས་ནས། གནོད་འཚེ་ཕོགས་ཁུལ་གྱི་གཞི་རྩའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཆུ་ཚད་བཅས་ཚང་མ་སླར་གསོ་ཐུབ་པ་མ་ཟད་གནོད་འཚེའི་གོང་གི་ཆུ་ཚད་ལས་བརྒལ་ཐུབ་པ་བྱས་ཏེ། ཝུ་མང་ཧྲན་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་བསྐྱར་འཛུགས་བྱ་རྒྱུ་ཡིན་པ་རེད།

དེ་དང་དུས་མཚུངས། ད་རེས་ཀྱི་ས་ཡོམ་གནོད་འཚེའི་ཁྲོད་གཏོར་བཤིག་ཆེན་པོ་བཟོས་པ་དང་། གནོད་འཚེ་གཏིང་ཟབ་ཕོགས་པར་དམིགས་ནས། སྟབས་བསྟུན་ཉེན་འགོག་ལས་དོན་ཁག་གཅིག་སྔར་བཞིན་མུ་མཐུད་ནས་སྤེལ་བཞིན་ཡོད་པ་དང་། གཙོ་བོ་ཞོར་ཐོན་གནོད་འཚེར་བཀག་འགོག་བྱེད་པ་དང་། འགག་འཁྱོལ་མཚེའུ་ཉེན་ཁ་སེལ་བ། འཕྲོད་བསྟེན་དང་ནད་ཡམས་སྔོན་འགོག་བྱེད་པ། གཞུང་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་པ་བཅས་ཀྱི་ཐད་གཅིག་བསྡུས་བྱས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག