མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་ཁེ་ལས་ཀྱི་དངུལ་བསྡུའི་མ་རྩ་མཐོ་བའི་གནད་དོན་ཐག་གཅོད་པའི་མཛུབ་སྟོན་བསམ་འཆར»བཀྲམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-15 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་ནས་ཉེ་སྔོན«བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་ཁེ་ལས་ཀྱི་དངུལ་བསྡུའི་མ་རྩ་མཐོ་བའི་གནད་དོན་ཐག་གཅོད་པའི་མཛུབ་སྟོན་བསམ་འཆར»བཀྲམས་ནས། དངུལ་རྩ་སྡེ་ཁག་གིས་ཕྱོགས་བསྡུས་ཀྱི་བྱེད་ཐབས་སྤྱད་དེ། ཁེ་ལས་ཀྱི་དངུལ་བསྡུའི་མ་རྩ་མཐོ་བའི་གནད་དོན་ཐག་བཅད་ནས། དངུལ་རྩ་དང་དངོས་ཕུང་དཔལ་འབྱོར་གྱིས་ཕན་ཚུན་སྐུལ་འདེད་བཟང་བོ་བྱེད་པར་ཡར་སྐུལ་བྱེད་དགོས་པའི་རེ་བ་བཏོན།

«བསམ་འཆར»ལས། དེང་སྐབས་རང་རྒྱལ་གྱི་དཔལ་འབྱོར་གནས་བབ་སྤྱིར་བཏང་གིས་བཟང་མོད། ཡིན་ནའང་གཏན་འཇགས་མིན་པའི་རྒྱུ་རྐྱེན་ཁ་ཤས་ཡོད་པས། ཉམས་རྒུད་ཀྱི་གནོན་ཤུགས་སྔར་བཞིན་ཅུང་ཆེ་བ་དང་། གྲུབ་ཚུལ་ལེགས་སྒྲིག་དེ་ད་དུང་དཀའ་ངལ་གྱི་དུས་སྐབས་སུ་གནས་ཡོད་པའི་རྐྱེན་གྱིས་ཁེ་ལས་དང་ལྷག་པར་དུ་ཁེ་ལས་ཆུང་བའི་དངུལ་བསྡུའི་མ་རྩ་མཐོ་བའི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་དེ་བརྟན་བརླིང་སྒོས་འཕར་སྣོན་འབྱུང་བ་དང་། བཅོས་སྒྱུར་ལ་ཡར་སྐུལ་བྱེད་པ། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། དམངས་འཚོར་ཕན་འདོགས་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན་ཡོད།

«བསམ་འཆར»ལས་ཕྱོགས་བཅུའི་སྲིད་ཇུས་དང་བྱེད་ཐབས་བཏོན་ཡོད་པ་དང་། འགན་ནུས་ལས་བགོས་གཏན་ཁེལ་གསལ་བོ་བྱས་ཡོད་དེ། གཅིག བརྟན་འཇགས་ཀྱི་དངུལ་ལོར་སྲིད་ཇུས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། བསྐྱི་དངུལ་གྱི་སྤྱིའི་ཚད་ལུགས་མཐུན་སྒོས་འཕར་བ་སྲུང་འཛིན་བྱེད་པ་དང་། གྲུབ་ཚུལ་ལེགས་སྒྲིག་ལ་འབད་བརྩོན་བྱས་ནས། བསྐྱི་དངུལ་གྱི་བཀོལ་ཕྱོགས་ལེགས་སྒྱུར་བྱེད་རྒྱུ། གཉིས། དངུལ་རྩ་ལས་ཁུངས་ཀྱི་དངུལ་བསྡུའི་མ་རྩ་ལུགས་མཐུན་མིན་པར་འཕར་བར་བཀག་འགོག་བྱས་ཏེ། དངུལ་རྩའི་ཁྲོམ་རའི་སྒྲིག་ལམ་བཟང་བོར་སྲུང་སྐྱོབ་བྱེད་རྒྱུ། གསུམ། ཁེ་ལས་ཀྱི་དངུལ་བསྡུའི་གོ་རིམ་སྟབས་བདེ་རུ་གཏོང་རྒྱུ། བཞི། ལུགས་མཐུན་མིན་པའི་དངུལ་བསྡུའི་རྣམ་གྲངས་གཙང་སེལ་བྱེད་རྒྱུ། ལྔ། ཚོང་ལས་དངུལ་ཁང་གིས་ཁེ་ལས་ཆུང་བར་དངུལ་བུན་བསྐྱི་བའི་དོ་དམ་ལེགས་སྒྱུར་བྱས་ཏེ། བསྐྱི་དངུལ་ལ་ཆོག་མཆན་འགོད་པ་དང་དེ་བསྐྱི་བའི་ཕན་འབྲས་ཇེ་མགྱོགས་སུ་གཏོང་རྒྱུ། དྲུག ཚོང་ལས་དངུལ་ཁང་གི་དཔྱོད་ཞིབ་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ། བདུན། ཁེ་ལས་ཆུང་བ་དང་ཞིང་གསུམ་ལ་ཁ་ཕྱོགས་པའི་དངུལ་རྩའི་ལས་ཁུངས་ཆུང་འབྲིང་བརྟན་བརླིང་སྒོས་འཕེལ་རྒྱས་སུ་གཏོང་རྒྱུ། བརྒྱད། ཐད་ཀར་གྱི་དངུལ་བསྡུ་རྒྱ་བསྐྱེད་དེ་རིམ་པ་མང་བའི་མ་རྩའི་ཁྲོམ་ར་འཕེལ་རྒྱས་སུ་གཏོང་རྒྱུ། དགུ། ཁེ་ལས་ཆུང་བ་སོགས་ལ་རྒྱབ་སྐྱོར་བྱེད་པའི་བསྐྱི་དངུལ་ཞབས་ཞུའི་ཉེན་ཚབ་ཐོན་རྫས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། ཉེན་ཚབ་དང་བསྐྱི་དངུལ་ཟུང་འབྲེལ་གྱི་མཉམ་ལས་སྤེལ་རྒྱུ། བཅུ། སྐྱེད་ཀ་ཁྲོམ་ར་ཅན་གྱི་བཅོས་སྒྱུར་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་བཅས་རེད།

«བསམ་འཆར»ལས་ཁེ་ལས་ཀྱི་དངུལ་བསྡུའི་མ་རྩ་མཐོ་བའི་གནད་དོན་ཐག་གཅོད་པའི་རྩ་བ་ནི་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་དང་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་རྩ་ལག་མཉམ་བཅོས་བྱེད་རྒྱུ་དེ་ཡིན་ལ། དེ་ལས་ཀྱང་གལ་ཆེ་བ་ནི་རྩ་བ་བཅོས་སྐྱོང་བྱེད་རྒྱུ་དེ་ཡིན་ཞེས་ནན་གྱིས་བསྟན།

«བསམ་འཆར»ལས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཁེ་ལས་ཀྱི་དངུལ་བསྡུའི་མ་རྩ་ཇེ་དམར་གཏོང་བའི་འབྲེལ་ཡོད་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། རྩ་འཛུགས་མགོ་ཁྲིད་དང་ལས་བགོས་གཞོགས་འདེགས་ལ་ཤུགས་བསྣན་ནས། ལས་འགན་སྣ་ཚོགས་དངོས་འབེབས་བྱེད་པར་བཀོད་སྒྲིག་ཡོད་པ་དང་ལྟ་སྐུལ་ཡོད་པ། ཞིབ་བཤེར་ཡོད་པ་བཅས་བྱེད་དགོས་པའི་རེ་བ་བཏོན་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག