མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུན་ནན་ལུའུ་ཏན་གྱི་ཡོམ་འགོག་གནོད་སེལ་གྱི་གནས་ཚུལ་དངོས་བྲིས།

རྩོམ་པ་པོ། ཚེ་འཛིན་དབང་མོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-12 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་༨པའི་ཚེས་༣ཉིན་གྱི་ཆུ་ཚོད་༡༦དང་སྐར་མ་༣༤འི་ཐོག ཡུན་ནན་ཀྲའོ་ཐུང་གྲོང་ཁྱེར་ལུའུ་ཏན་རྫོང་དུ་ས་ཡོམ་རིམ་པ་༦.༥བརྒྱབ་ཡོད། དེ་ནི་སྤྱི་ལོ་༢༠༠༠ལོ་ནས་བཟུང་ཡུན་ནན་ས་ཁོངས་ནང་ཐོན་པའི་ས་ཡོམ་ཚབས་ཆེ་ཤོས་དེ་ཡིན་པ་དང་། ས་ཡོམ་འབྱུང་གནས་ཀྱི་གཏིང་ཚད་སྟོང་སྨི་༡༢ལས་མ་ཟིན་རུང་། ས་ཡོམ་རྒྱག་ཤུགས་ཆེ་ཤོས་ཁུལ་གྱི་ཤུགས་ཚད་ཏུའུ་༩ལ་སླེབས་ཡོད། དེའི་སྟེང་ས་ཡོམ་གྱི་ཡོམ་རླབས་ཁྱབ་རྒྱ་ཆེ་བ་དང་། ས་ཡོམ་རྒྱག་ཁུལ་དུ་མི་འབོར་མང་བ། ཁང་པ་མང་ཆེ་བའི་ཡོམ་འགོག་ནུས་པ་ཞན་པ་བཅས་ཀྱི་རྐྱེན་པས་མི་སྣ་ཤི་རྨས་ཚབས་ཆེན་བཟོས་པས། རོགས་སྐྱོབ་བྱེད་རྒྱུ་དུས་ཚོད་སྐར་ཆ་ཙམ་ཡང་ནར་འགྱངས་གཏོང་མི་རུང་བར་འགྱུར་ཡོད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲལ་དུ་གལ་ཆེའི་མཛུབ་སྟོན་གནང་སྟེ། མིའི་སྲོག་སྐྱོབ་རྒྱུ་ཨང་དང་པོར་བཞག་སྟེ། ནུས་ཤུགས་གང་ཡོད་ཀྱིས་མི་སྣ་ཤི་རྨས་ཐོན་ཚད་ཉུང་དུ་གཏོང་དགོས་པ་དང་། མང་ཚོགས་བཀོད་སྒྲིག་བྱེད་པའི་ལས་ཀ་འོས་མཚམས་བསྒྲུབས་དགོས་པ། འབྲེལ་ཡོད་ཕྱོགས་ཀྱིས་གནོད་འཚེའི་གནས་ཚུལ་ཤེས་རྟོགས་བྱ་རྒྱུར་དམ་འཛིན་བྱས་ཏེ། མང་ཚོགས་ཀྱིས་ཉེན་གཡོལ་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་དང་། ནུས་ཤུགས་ཡོད་རྒུས་ཡོམ་འགོག་གནོད་སེལ་ནང་ཞུགས་དགོས་པ། ཡོམ་ལྷག་གི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཞོར་ཐོན་གནོད་འཚེ་འགོག་ཟོན་ནན་པོ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་ཡོད་པ་རེད།

སྤྱི་ཚེས་༤ཉིན་གྱི་ཞོགས་པ་སྔ་པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་མངགས་བཅོལ་གནང་བ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཚབ་ཞུས་ཏེ་གནོད་འཚེ་ཕོག་ཁུལ་དུ་ཕེབས་པ་དང་། གནོད་འཚེའི་གནས་ཚུལ་ལ་གཟིགས་པ་མ་ཟད་ས་ཆ་དངོས་སུ་ཡོམ་འགོག་གནོད་སེལ་གྱི་ལས་དོན་ལ་བཀོད་འདོམས་གནང་ཡོད་པ་རེད།

ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་བདུན་རིང་། རྒྱལ་ཡོངས་གོང་འོག་ཚང་མ་སྐུལ་སློང་བྱས་ཏེ་ཚེ་སྲོག་སྐྱོབ་པའི་ལས་དོན་ཤུགས་ཆེན་སྤེལ་ཡོད། མིག་སྔར། གནོད་འཚེ་ཕོག་ཁུལ་གྱི་ས་ཆ་མང་ཆེ་བར་འགྲིམ་འགྲུལ་དང་། འཕྲིན་གཏོང་། གློག་ཤུགས། ཆུ་མཁོ་འདོན་བཅས་གཞི་རྩའི་ཆ་ནས་སླར་གསོ་བྱུང་ཟིན་པ་དང་། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་བཀོད་སྒྲིག་འོས་མཚམས་བྱས་ཟིན་ཡོད་ཅིང་། ཡོམ་འགོག་གནོད་སེལ་གྱི་ལས་དོན་ཁག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོན་ཡོད།

ས་ཡོམ་བརྒྱབ་རྗེས། རྒྱ་ཆེའི་དམག་དམངས་ཚོས་གནོད་འཚེ་དང་འཐབ་རྩོད་དྲག་པོ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་དམངས་སེམས་གཅིག་ཏུ་བསྒྲིལ་ཏེ་ལྕགས་རི་རིང་པོ་སྐྲུན་པའི་རླབས་ཆེའི་སྟོབས་ཤུགས་མངོན་པར་བྱས་ཡོད།

སྤྱི་ཟླ་༨པའི་ཚེས་༣ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ཚོགས་ཆུང་ནས་ཛ་དྲག་ངང་ས་ཡོམ་གནོད་འཚེ་ཐོན་ཁུལ་དུ་བསྐྱོད་དེ། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་མཚམས་འདྲི་གནང་བ་དང་། གནོད་སེལ་ལས་དོན་ལ་མཛུབ་ཁྲིད་གནང་ཡོད། དེ་དང་ཆབས་ཅིག ཡུན་ནན་ཞིང་ཨུད་དང་། ཞིང་ཆེན་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ་མགྱོགས་མྱུར་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་པ་དང་། འཕྲལ་བསྟུན་རོགས་སྐྱོབ་མ་ལག་ཧྲིལ་པོ་མྱུར་ཚད་མགྱོགས་ལ་ལས་ཕྱོད་མཐོ་བའི་སྒོ་ནས་འཁོར་རྒྱུག་བྱེད་འགོ་ཚུགས་ཡོད།

གནོད་འཚེའི་ཁྲོད། གུང་ཁྲན་ཏང་མི་རྣམས་མང་ཚོགས་ཀྱི་སྲོག་ཤིང་མི་སྣར་འགྱུར་ཡོད་དེ། ལུའུ་ཏན་རྫོང་དང་ཆའོ་ཅ་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་༢༥༨༤དང་། ཏང་ཡོན་༢༢༡༣༦སྐུལ་སློང་བྱས་ཏེ་གནོད་སེལ་གྱི་འཐབ་ས་དང་པོར་བཀོད་སྒྲིག་བྱས་པ་དང་། དུས་ཐོག་ཏུ་གནོད་འཚེའི་གནས་ཚུལ་རིམ་བཤེར་དང་། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོས་བྱ་རྒྱུ་སྒྲིག་འཛུགས་བྱས་ཡོད།

ནུས་ཤུགས་ཡོད་རྒུ་བཏོན་ཏེ་གནོད་འཚེ་ཕོག་ཁུལ་གྱི་ཚེ་སྲོག་ལམ་བུ་ཤར་བགྲོད་ཐུབ་པ་བྱ་ཆེད། གནས་ཚུལ་ཐོན་མ་ཐག་སྤྱི་བདེ་པུས་ཡུན་ནན་ཞིང་ཆེན་སྤྱི་བདེ་ལས་ཁུངས་དང་མཉམ་དུ་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་སའི་ལམ་བུར་འགྲིམ་འགྲུལ་དོ་དམ་ཚོད་འཛིན་བྱ་ཐབས་བཟུང་བ་དང་། འཁོར་རིགས་ཁ་བཀྲམ་སྟེ་ཉེན་སེལ་རོགས་སྐྱོབ་ཀྱི་མྱུར་ཚད་མགྱོགས་སུ་ཤུགས་ཆེན་གཏོང་ཐུབ་པ་བྱས་ཡོད།

སྤྱི་ཟླ་༨པའི་ཚེས་༧ཉིན། ལུའུ་ཏན་གྱི་རིམ་པ་༦.༥ཡི་ས་ཡོམ་ཤུགས་ཚད་ཁྱབ་ཚུལ་དཔར་རིས་འགྲེམས་སྤེལ་བྱས་པ་དང་། དེའི་ས་ཡོམ་ཁག་ལས་མགྱོགས་པ་བྱུང་བས། རོགས་སྐྱོབ་དང་བཀོད་སྒྲིག་ལས་དོན་ལ་དུས་ཐོག་ཏུ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་ཐུབ་ཡོད།

མྱུར་ཚད་མགྱོགས་ལ་ལས་ཕྱོད་མཐོ་བ་དང་། ཆེད་ལས་ཅན་དང་གོ་རིམ་ལྡན་པའི་ལས་དོན་ལ་བརྟེན་ནས། གནོད་སེལ་ལས་དོན་གྱི་ཕྱོགས་མང་པོར་འཕེལ་རིམ་ཡག་པོ་ཐོན་ཡོད་དེ། གནོད་འཚེའི་རྐྱེན་གྱིས་འཁོར་རྒྱུག་བྱེད་མཚམས་ཆད་པའི་ཡུན་ནན་གློག་གི་དྲ་བའི་གློག་ཤུགས་ལམ་ཐིག་ཡོངས་ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་ལྔ་པར་སླར་གསོ་ཐུབ་པ་བྱུང་བ་དང་། ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་དྲུག་པར། གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་ལོང་ཐོའུ་ཧྲན་གྲོང་བརྡལ་གྱི་སྲིད་འཛིན་གྲོང་ཚོ་༡༡ལ་གནོད་སྐྱོབ་དངོས་ཟོག་གཤམ་སྤྲོད་བྱ་རྒྱུ་ཁྱོན་ཡོངས་ལ་ཁེབས་ཐུབ་པ་བྱུང་བ། འཕྲོད་བསྟེན་རིམས་འགོག་གནོད་འཚེ་ཚབས་ཆེན་ཕོག་ཁུལ་གྱི་སྲིད་འཛིན་གྲོང་ཚོ་ཡོངས་དང་བཀོད་སྒྲིག་ཁུལ་ཡོངས་ལ་ཁེབས་པ། ས་ཡོམ་རྐྱེན་གྱིས་ཆག་པའི་ཉིའུ་ལན་ཅང་གཙང་པོའི་བྲག་རྡོ་དམར་པོའི་ཁུལ་གྱི་འགག་འཁྱིལ་མཚེའུའི་འཕྲལ་བསྟུན་ཉེན་སེལ་ཐག་གཅོད་ཇུས་གཞི་གཏན་ལ་འཁེལ་བ། ས་ཡོམ་བརྒྱབ་རྗེས་ཀྱི་ཉིན་བདུན་པར། གནོད་འཚེ་ཕོག་ཁུལ་གྱི་མི་ཉིས་འབུམ་སུམ་ཁྲིའི་འཕྲལ་བསྟུན་འཐུང་ཆུ་འགན་སྲུང་ཐུབ་པ་བྱ་རྒྱུའི་དམིགས་འབེན་མངོན་འགྱུར་ཐུབ་པ་བྱུང་བ། སྲིད་འཛིན་གྲོང་ཚོ་ཡོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་བཅས་བྱུང་ཞིང་། ཉིན་མཚན་བདུན་གྱི་འབད་འཐབ་ཀྱིས་ཀྲུང་གོའི་སྟོབས་ཤུགས་གང་ལེགས་ཀྱིས་མངོན་པར་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག