མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝང་དབྱི་ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུར་ཞུགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-11 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཚེས་བཅུ་ཉིན་འབར་མ་རྒྱལ་ཁབ་ཀྱི་ནེ་རོ་པེ་ནས་བསྡུས་པའི་ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུར་ཞུགས།

ཝང་དབྱི་ཡིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་། ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་བར་གྱི་འཐབ་ཇུས་གྲོས་མོལ་བཟང་བོར་སྤེལ་པ་དང་། ནུས་ཁུངས་དང་ཁོར་ཡུག་སྲུང་སྐྱོབ། དངུལ་ལོར། སློབ་གསོ། སྤྱི་པའི་འཕྲོད་བསྟེན། གནོད་འཚེའི་དོ་དམ། མཉམ་འབྲེལ་མཉམ་ལས་སོགས་ཁྱབ་ཁོངས་གཙོ་བོ་དྲུག་གི་མཉམ་ལས་ལ་སྐུལ་འདེད་བཏང་བས། ས་ཁུལ་གྱི་ཤན་ཤུགས་དང་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་སོང་ཟེར།

ཝང་དབྱི་ཡིས་བསྟན་དོན། སང་ལོ་ནི་ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་བཙུགས་ཏེ་ལོ་བཅུ་འཁོར་བའི་ལོ་ཡིན་པས། ང་ཚོས་དེ་གོ་སྐབས་སུ་བརྩིས་ཏེ། རྒྱང་རིང་ལ་དམིགས་ནས་ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་ལ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་དགོས་ཏེ། གཅིག་ནས་འཐབ་ཇུས་གླེང་སྟེགས་ཀྱི་ངོ་བོ་རྒྱུན་འཁྱོངས་བྱེད་དགོས། གཉིས་ནས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དེ་གཙོ་ཁྲིད་དུ་རྒྱུན་འཁྱོངས་བྱེད་དགོས། གསུམ་ནས་འཕེལ་རྒྱས་དང་མཉམ་ལས་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། བཞི་ནས་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཟེར།

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོས་ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་ཀྱི་ཁྱབ་ཁོངས་གཙོ་བོ་དང་ཕྱོགས་གཞན་པའི་དངོས་གཉེར་མཉམ་ལས་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། མཐོ་རིམ་གྲོས་ཚོགས་བརྒྱུད་དེ་ས་ཁུལ་གྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་འདོད་ཡོད་དེ། གཅིག ས་ཁུལ་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་མཉམ་དུ་བཙུགས་ནས། ཉོ་ཚོང་མཉམ་ལས་ཀྱི་ཆུ་ཚད་ཇེ་ཆེར་གཏོང་བ་དང་། ཐོན་ལས་དངུལ་གཏོང་དང་དངུལ་ལོར་མཉམ་ལས་རྒྱ་བསྐྱེད་འདོད་ཡོད། གཉིས། ས་ཁོངས་རང་དབང་ཉོ་ཚོང་ཁུལ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། ས་ཁོངས་ཀྱི་ཕྱོགས་ཡོས་དཔལ་འབྱོར་གྲོགས་པོའི་འབྲེལ་བ་དང་། ཞི་བདེ་རྒྱ་མཚོ་བརྒལ་བའི་དཔལ་འབྱོར་གྲོགས་པོའི་འབྲེལ་བ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རང་དབང་ཉོ་ཚོང་ཁུལ་གྱི་གྲོས་མོལ་འཕེལ་རིམ་བཅས་ལ་སྐུལ་འདེད་བཏང་ནས། གོང་གི་རང་དབང་ཉོ་ཚོང་དག་གཅིག་ལ་གཅིག་རྟེན་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་འདོད་ཡོད། གསུམ། ནམ་ཟླའི་འགྱུར་ལྡོག་དང་གནོད་འཚེའི་དོ་དམ་ལ་ཁ་གཏད་འཇལ་བ་དང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལྐོག་འཚོང་བྱེད་པར་ཆམ་ཕབ་གཏོང་བ་སོགས་སྲོལ་རྒྱུན་མིན་པའི་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། བཞི། ས་ཁུལ་གྱི་བདེ་འཇགས་སྒྲོམ་གཞི་འཛུགས་པའི་གྲོས་སྡུར་ལ་ཤུགས་སྣོན་འདོད་ཡོད། ལྔ། རིག་མཛོད་ཀྱི་དམངས་ཁྲོད་བརྗེ་རེས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཚོགས་འདུར་ཞུགས་པའི་རྒྱལ་ཁབ་གཞན་པའི་ཕྱི་འབྲེལ་པུའུ་ཀྲང་གིས་བསྟན་དོན། ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་ཞེས་པའི་མགོ་ཁྲིད་པས་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ཀྱི་གླེང་སྟེགས་འདིས་ས་ཁུལ་རང་གི་གྲོས་མོལ་དང་ཡིད་ཆེས་ཇེ་ཟབ་ཏུ་བཏང་ལ། ཁྱབ་ཁོངས་གཙོ་བོ་དྲུག་གི་མཉམ་ལས་ལ་ཡར་སྐུལ་བྱས་ཏེ། རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་ངོ་མ་བསྐྲུན་ཡོད། རྒྱལ་ཁབ་སོ་སོས་གོ་སྐབས་དམ་འཛིན་བྱེད་པ་དང་། མཉམ་དུ་འགྲན་རྩོད་ལ་ཁ་གཏད་འཇལ་བ། གྲོས་མཐུན་བྱུང་བའི་གྲོས་ཆོད་དང་བཏོན་པའི་གྲོས་གཞི་དངོས་སུ་ལག་བསྟར་བྱེད་པ། མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ། ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་ལ་ས་ཁུལ་རང་གི་ཞི་བདེ་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཏུ་འཇུག་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག