མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝང་དབྱི་ཡིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ལ་ཐུག་འཕྲད་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-10 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཚེས་དགུ་ཉིན་འབར་མ་རྒྱལ་ཁབ་ཀྱི་རྒྱལ་ས་ནེ་རོ་པེ་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ལ་ཐུག་འཕྲད་བྱས།

ཝང་དབྱི་ཡིས་བསྟན་དོན། དེང་སྐབས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྤྱིའི་ཆ་ནས་བརྟན་བརླིང་ངང་འཕེལ་བཞིན་ཡོད། ཀྲུང་གོས་ཨ་མེ་རི་ཁ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་དང་ཀྲུང་གོ་དང་ཨ་མེ་རི་ཁའི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་ཐད་བླངས་པའི་གྲུབ་འབྲས་དངོས་འབེབས་གང་ལེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་དང་གྲོས་མོལ་གྱི་གནས་བབ་སྲུང་འཛིན་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་གནད་དོན་གལ་ཆེན་སྣ་ཚོགས་ལ་མཉམ་དུ་ཁ་གཏད་འཇལ་བ། འཛུགས་སྐྲུན་རང་བཞིན་གྱི་ཐབས་ལམ་ལ་བརྟེན་ནས་འགལ་བ་ཐག་གཅོད་པ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་རྒྱལ་ཁབ་ཆེན་པོའི་བར་གྱི་རྣམ་པ་གསར་བའི་འབྲེལ་བའི་ཡང་དག་ཁ་ཕྱོགས་སུ་གོང་འཕེལ་དུ་འགྲོ་བར་ཁག་ཐེག་བྱེད་འདོད་ཡོད་ཟེར།

ཝང་དབྱི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་ལ། ཕྱོགས་གཉིས་ཀྱི་མཉམ་ལས་དེས་ས་ཁུལ་གྱི་གནས་བབ་ཤུགས་རྐྱེན་གལ་ཆེན་ཐེབས་ཐུབ། ཀྲུང་གོས་ཨ་མེ་རི་ཁས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དོན་ཁྲོད་དུ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་རྒྱུའི་རེ་བ་བཅངས་ཡོད་པ་མ་ཟད། ཨ་མེ་རི་ཁས་ཀྲུང་གོའི་རང་ས་ཁུལ་གྱི་ཚུལ་མཐུན་ཁེ་དབང་ལ་ཡང་བརྩི་བཀུར་བྱེད་རྒྱུའི་རེ་བ་བཅངས་ཡོད། ཀྲུང་གོ་དང་ཨ་མེ་རི་ཁས་ས་ཁུལ་ལས་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས་པ་དང་། འདི་ནི་ས་ཁུལ་གྱི་རྒྱལ་ཁབ་སོ་སོའི་ཡོངས་ཁྱབ་ཀྱི་འདོད་བློ་ཡང་ཡིན་ཟེར།

རྒྱ་མཚོ་ལྷོ་མའི་གནད་དོན་ཐད་ནས། ཝང་དབྱི་ཡིས་བསྟན་དོན། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱེད་པ་དང་མཉམ་དུ། འབྲེལ་ཡོད་རྒྱལ་ཁབ་ལ་གྲོས་མོལ་བྱས་ཏེ་འགལ་བ་ཐག་གཅོད་རྒྱུ་ཡིན། དེང་སྐབས་རྒྱ་མཚོ་ལྷོ་མའི་གནས་བབ་སྤྱིར་བཏང་གིས་བརྟན་བརླིང་ཡིན་ལ། མཚོ་ཐོག་གི་འགྲུལ་བཞུད་རང་དབང་ལ་ཡ་གནད་དོན་ཅི་ཡང་མེད། ཀྲུང་གོས་ཕྱོགས་སོ་སོས་འབྱུང་དཀའ་བའི་གཏན་འཇགས་ཀྱི་རྣམ་པ་འདི་ལ་གཅེས་སྤྲས་བྱེད་པ་དང་། དྲང་གཞག་དང་ལུགས་མཐུན་གྱི་ལངས་ཕྱོགས་བཟུང་ནས། འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་རྒྱུའི་རེ་བ་བཅངས་ཡོད་ཟེར།

ཁི་ལེ་ཡིས་ཨ་མེ་རི་ཁས་ཨ་མེ་རི་ཁ་དང་ཀྲུང་གོའི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་དང་། མི་གཞུང་བརྗེ་རེས། མཐོ་རིམ་གྲོས་མོལ་བཅས་ཀྱི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱེད་བཞིན་ཡོད་ལ། འདིའི་རྨང་གཞིའི་སྟེང་རྒྱལ་ཁབ་གཉིས་བར་གྱི་འཐབ་ཇུས་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་རྒྱ་ཆེན་པོ་ནས་དངོས་གཉེར་མཉམ་ལས་བྱེད་པ། མི་གཞུང་བརྗེ་རེས་རྒྱ་བསྐྱེད་པ་བཅས་བྱས་ཏེ། རྒྱལ་སྤྱིའི་ལས་དོན་ཁྲོད་དུ་མཐུན་སྦྱོར་དམ་པོ་བྱེད་འདོད་ཡོད་ཅེས་བཤད།

ཕྱོགས་གཉིས་ཀྱིས་ད་དུང་ཝུའུ་ཁི་ལན་དང་། ཕ་ལེ་སི་ཐན་དང་དབྱི་སི་རལ་སོགས་ཀྱི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག