མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ནོར་སྲིད་ཀྱིས་ཡུན་ནན་གྱི་ས་འགུལ་རྒུད་སྐྱོབ་ཐད་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་བཀོད་སྒྲིག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-09 11:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བརྒྱད་ཉིན་ནི་ཡུན་ནན་ལུའུ་ཏེན་རྫོང་ལ་ས་འགུལ་བརྒྱུགས་རྗེས་ཀྱི་ཉིན་དྲུག་པ་ཡིན་ལ། ཚེས་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་བར་དུ། ས་འགུལ་ཁྲོད་ནས་རྐྱེན་ལམ་དུ་ཤོར་མཁན་དྲུག་བརྒྱ་དང་བཅུ་བདུན་ལ་བུད་པ་དང་། མི་བརྒྱ་དང་བཅུ་གཉིས་གར་སོང་མ་ཤེས་ལ། མི་སྟོང་གསུམ་དང་བརྒྱ་དང་ཞེ་གསུམ་ལ་རྨས་ཕོག

ཚེས་བརྒྱད་ཉིན་གྱི་ཞོགས་པར། སྡེ་ཁག་དགུས་གྲུབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་ཚན་ཁག་ས་འགུལ་བརྒྱུགས་སའི་དཀྱིལ་སྙིང་ལུང་ཐིག་ཧྲན་གྲོང་རྡལ་གྱི་མང་ཚོགས་བཀོད་སྒྲིག་བྱེད་སར་སོང་ནས་གནོད་འཚེའི་གནས་ཚུལ་ལ་བལྟས། མིག་སྔར་ཀྲུང་དབྱང་ནོར་སྲིད་ཀྱིས་དུས་རིམ་སྔོན་མར་བཀོད་སྒྲིག་བྱས་པའི་ཀྲུང་དབྱང་རྒུད་སྐྱོབ་གྲོན་དངུལ་སྒོར་དུང་ཕྱུར་དྲུག་གི་རྨང་གཞིའི་སྟེང་། ཡང་བསྐྱར་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་བསྣན་ནས། གནོད་ཐེབས་ས་ཁུལ་གྱི་ཉེན་སེལ་རྒུད་སྐྱོབ་དང་མང་ཚོགས་གནས་སྤོར་བཀོད་སྒྲིག་སོགས་ཀྱི་བྱ་བའི་ཐད་བཀོལ་བཞིན་ཡོད། བྱ་བའི་ཚན་ཁག་གིས་དུས་རིམ་རྗེས་མའི་གནོད་ཐེབས་ས་ཁུལ་གྱི་བྱ་བ་གཙོ་བོ་ནི་མང་ཚོགས་ཀྱི་འཚོ་བར་འགན་སྲུང་བྱེད་རྒྱུ་དང་། སྤྱི་པའི་སྒྲིག་ཆས་དང་ཚེ་སྲོག་གི་ལམ་ཐིག་བཟོ་སྐྲུན་སླར་གསོ་བྱེད་རྒྱུ་དེ་ཡིན་ཟེར།

མིག་སྔའི་བར་དུ། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་བསྡོམས་པས་དམག་མི་ཁྲི་གཅིག་དང་དགུ་བརྒྱ་བཞི་བཅུ་མངགས་ཏེ། མང་ཚོགས་ཁྲི་གཅིག་དང་སྟོང་གཉིས་བརྒྱད་བརྒྱ་རེ་བདུན་གནས་སྤར་བ་དང་། རྒུད་སྐྱོབ་དངོས་རྫས་ཏུན་སྟོང་གཉིས་ལྷག་སྐྱེལ་འདྲེན་བྱས་ལ། གནོད་འཚེ་ཚབས་ཆེན་ཐེབས་ས་བཅུ་གཉིས་ཀྱི་གནས་སུམ་ཅུ་རི་འཐབ་སྨན་ཁང་བཞི་བཙུགས་པ་དང་། སྨན་བཅོས་ཡན་ལག་རུ་ཁག་ལྔ་བཅུ་ལྷག་མཐའ་འཁོབ་ཀྱི་རི་སྡེར་མངགས།

སྤྱི་བདེ་མེ་གསོད་སྡེ་ཁག་གིས་ཚེས་བརྒྱད་ཉིན་མི་བཞི་བརྒྱ་དང་བཅུ་བདུན་གྱིས་སྔོག་ཁྱི་བཅུ་བདུན་ཁྲིད་དེ་གནོད་འཚེ་ཚབས་ཆེན་ཐེབས་སའི་ཞང་གྲོང་བཞི་དང་སྡེ་བ་བཅུ་གསུམ་ལ་སོང་ནས་སྔོག་བཤེར་ཞིབ་མོ་བྱེད་དུ་བཅུག་པ་མ་ཟད། མང་ཚོགས་གནས་སྤོར་བ་དང་དངོས་རྫས་སྐྱེལ་བ། ཉེན་ཁ་སེལ་བ་སོགས་ཀྱི་ལས་འགན་སྒྲུབ་ཏུ་བཅུག

ཚེས་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར་དུ། གྱེན་འཕུར་གནམ་གྲུས་སྡེ་བ་བརྒྱད་ལ་རས་གུར་དང་འབྲས། སྐོམ་ཆུ་སོགས་དངོས་རྫས་ཏུན་བཞི་བཅུ་ཙམ་བསྐྱལ།

ཚེས་བདུན་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཅིག་བར་དུ། ས་འགུལ་གྱི་གནོད་འཚེར་བརྟེན་ནས་ཆད་པའི་ཡུན་ནན་གློག་དྲའི་གློག་ཤུགས་སྐུད་ལམ་ཚང་མ་སླར་གསོ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག