མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོས་མུ་མཐུད་དུ་སྟོབས་ཤུགས་ཡོད་རྒུས་ཡུན་ནན་གྱི་ས་འགུལ་གནོད་སེལ་བྱ་བ་སྣ་ཚོགས་ལ་རོགས་སྐྱོར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-09 11:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡུན་ནན་ལུའུ་ཏེན་རྫོང་ལ་ཚད་རིམ་དྲུག་དང་གྲངས་ཆུང་ལྔའི་ས་འགུལ་བརྒྱུགས་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཙུང་ལི་ལིས་ཁི་ཆང་རྣམ་གཉིས་ཀྱིས་མྱུར་དུ་མཛུབ་སྟོན་དང་མཆོན་བཀོད་གལ་ཆེན་གནང་བ་དང་། ལིས་ཁི་ཆང་སོགས་ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་དེ་མ་ཐག་གནོད་ཐེབས་ས་ཁུལ་དུ་ཕེབས་ཏེ་གནོད་སེལ་རྒུད་སྐྱོབ་ལ་བཀོད་འདོམས་གནང་ཞིང་། རྒྱལ་ཁབ་ཀྱིས་འཕྲལ་བསྟུན་རོགས་སྐྱོབ་མ་ལག་ཡོངས་སུ་ལག་བསྟར་བྱས། ས་འགུལ་བརྒྱུགས་པའི་ཚུན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་ཚན་ཁག་གིས་གཅིག་གྱུར་གྱིས་མཐུན་སྦྱོར་བྱས་ཏེ། རྒུད་སྐྱོབ་ཀྱི་དགོས་མཁོ་ལྟར། སྡེ་ཁག་སོ་སོ་དང་འབྲེལ་ཡོད་ཕྱོགས་སོ་སོར་མཐུན་སྦྱོར་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་ཡུན་ནན་གྱི་ས་འགུལ་གནོད་སེལ་རྒུད་སྐྱོབ་ལ་རོགས་སྐྱོར་བྱས།

ས་འགུལ་བརྒྱུགས་རྗེས། ཀྲུང་གོ་ས་འགུལ་རྟོག་དཔྱོད་ཅུའུ་ཡིས་མྱུར་དུ་ས་འགུལ་འཕྲལ་བསྟུན་བྱེད་ཐབས་སྤྱད་དེ། མྱུར་དུ་ས་འགུལ་གྱི་གཞི་གྲངས་ཚད་ལེན་བྱས་པ་དང་། ས་འགུལ་གྱི་གནས་ཚུལ་མྱུར་དུ་བསྒྲགས་པ་མ་ཟད། རྒྱལ་ཁབ་ས་འགུལ་གནོད་འཚེའི་འཕྲལ་བསྟུན་མྱུར་སྐྱོབ་རུ་ཁག་གི་མི་བརྒྱ་རྩ་འཛུགས་བྱས་ཏེ་གནོད་ཐེབས་ས་ཁུལ་དུ་མྱུར་སྐྱོབ་ཀྱི་ལས་འགན་ལག་བསྟར་བྱེད་པར་མངགས་པ་དང་མཉམ་དུ། མི་ཉིས་བརྒྱ་ལྷག་གིས་གྲུབ་པའི་ས་འགུལ་ཡུལ་དངོས་འཕྲལ་བསྟུན་རུ་ཁག་མངགས་ཏེ། ཡང་བསྐྱར་འབྱུང་བའི་ས་འགུལ་ལ་ལྟ་ཞིབ་ཚད་ལེན་དང་། ས་འགུལ་གྱི་གནད་ཚུལ་ལ་བརྡར་ཤ་གཅོད་པ། གནོད་འཚེའི་རྟོག་ཞིབ་དཔྱད་འཇོག་སོགས་ཀྱི་བྱ་བ་བཟང་པོར་བསྒྲུབས།

རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེ་ཨུ་ཡོན་ལྷན་ཁང་གི་མྱུར་དུ་ས་འགུལ་གནོད་འཚེའི་འཕྲོད་བསྟེན་འཕྲལ་བསྟུན་བྱེད་ཐབས་སྤྱད་དེ། ས་གནས་ནས་སྨན་བཅོས་རུ་ཁག་བསྐོང་འཐེན་བྱས་ནས་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་བྱས། ས་འགུལ་རྗེས་ཀྱི་དུས་ཚོད་དོན་གཉིས་ནང་གནོད་འཚེ་ཐེབས་སའི་ཞང་དང་སྡེ་བར་རིམས་འགོག་བྱ་བ་ཡོངས་སུ་ཁྱབ་པར་བྱས། མིག་སྔར་སྨན་བཅོས་འཕྲོད་བསྟེན་མི་སྣ་སྟོང་གཅིག་དང་དྲུག་བརྒྱ་ལཧག་གིས་གནོད་ཐེབས་ས་ཁུལ་དུ་བྱ་བ་སྒྲུབ་བཞིན་ཡོད་ལ། གནོད་ཐེབས་ས་ཁུལ་དུ་འགོ་ནད་དང་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་བྱུང་མེད།

དམངས་སྲིད་པུའུ་ཡིས་མྱུར་དུ་རྩ་འཛུགས་བྱས་ཏེ་གནོད་འཚེའི་གྱོང་གུད་ལ་མྱུར་དུ་དཔྱད་ཞིབ་བྱས་པ་དང་། འཕྲལ་བསྟུན་སྒྲིག་ལུགས་ལག་བསྟར་བྱས་ནས། གནོད་འཚེའི་འཕེོལ་ཚུལ་ལྟར། རྒྱལ་ཁབ་ཀྱི་རྒུད་སྐྱོབ་འཕྲལ་བསྟུན་གྱི་རིམ་པ་དེ་རིམ་པ་དང་པོར་སྤར་བ་དང་། རས་གུར་ཁྲི་གསུམ་ལྷག་དང་ཉལ་ཐུལ་ཁྲི་གཅིག ལྭ་རིང་བར་འཚང་ཅན་ཁྲི་དྲུག་སོགས་གནོད་ཐེབས་ས་ཁུལ་ལ་བྱིན།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཆེད་དུ་གཞུང་ལམ་འགྲིམ་འགྲུལ་གནོད་སེལ་རྒུད་སྐྱོབ་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་། གཞུང་ལམ་གྱི་ཉེན་ཁ་སེལ་བར་སྒོར་བྱེ་བ་གཅིག་བྱིན་པ་མ་ཟད། དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་རུ་ཁག་གི་ཆེད་ལས་མྱུར་སྐྱོབ་སྟོབས་ཤུགས་ལ་མཐུན་སྦྱོར་བྱས་ཏེ། རྒུད་སྐྱོབ་ཐད་ཀྱི་གནད་འགག་གི་ལམ་གཉིས་ཀྱི་བཀག་རྒྱ་སེལ།

ཆུ་བེད་པུའུ་ཡིས་ས་འགུལ་གྱི་རྗེས་སུ་མྱུར་དུ་ཆུ་བེད་ཐད་ཀྱི་གནོད་སེལ་རྒུད་སྐྱོབ་དང་ཡང་བསྐྱར་གནོད་འཚེ་འབྱུང་བར་བཀག་འགོག་བྱེད་པའི་བྱ་བར་བཀོད་སྒྲིག་བྱས་པ་དང་མཉམ་དུ། བྱ་བའི་ཚན་ཁག་དང་ཆེད་མཁས་ཚན་ཁག་མངགས་ཏེ་གནོད་ཐེབས་ས་ཁུལ་གྱི་ཆུ་བེད་སྒྲིག་ཆས་ལ་གཏོར་བརླག་ཐེབས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། གཏོར་བརླགས་ཐེབས་པའི་ཆུ་མཛོད་ལ་མྱུར་དུ་ཉེན་སེལ་བྱེད་ཐབས་སྤྱད།

ལྷོ་ཕྱོགས་གློག་དྲས་སྟོབས་ཤུགས་ཡོད་རྒུས་གློག་ལམ་ཉམས་གསོའི་བྱ་བར་རྩ་འཛུགས་བྱས། མིག་སྔར་གནོད་འཚེ་ཐེབས་པའི་གློག་ལམ་གཙོ་བོ་དང་གློག་སྒྱུར་ས་ཚིགས་དག་སླར་གསོ་བྱས་ཡོད་པ་དང་། ལུང་ཐིག་ཧྲན་གྲོང་རྡལ་དང་མཐའ་འཁོབ་ཀྱི་སྡེ་བ་ཁ་ཤས་མ་གཏོགས། གནོད་འཚེ་ཐེབས་སའི་ཞང་དང་གྲོང་རྡལ་ཚང་མར་གློག་ལམ་སླར་གསོ་བྱས་ཡོད།

དུས་རིམ་རྗེས་མར་སྡེ་ཁག་སོ་སོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་འབྲེལ་ཡོད་བརྡ་ཐོའི་རེ་བ་ལྟར། སྟོབས་ཤུགས་ཡོད་རྒུས་གནོད་ཐེབས་ས་ཁུལ་གྱི་རྒུད་སྐྱོབ་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག