མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོ་དང་འབྲེལ་ཡོད་ཕྱོགས་ཀྱིས་སྟོབས་ཤུགས་ཡོད་རྒུས་ཡུན་ནན་གྱི་ས་འགུལ་གནོད་འཚེ་ཐེབས་སར་རྒྱབ་སྐྱོར་བྱས་ཏེ་གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བ་སྣ་ཚོགས་བཟང་པོར་སྒྲུབ་བཞིན་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-08 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་ཁབ་གནོད་སེལ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཡུན་ནན་ལུའུ་ཏེན་རྫོང་ལ་ཚད་རིམ་དྲུག་དང་གྲངས་ཆུང་ལྔའི་ས་འགུལ་བརྒྱུགས་པའི་ཚུན་ལ། རྒྱལ་ཁབ་ཀྱི་འཕྲལ་བསྟུན་མྱུར་སྐྱོབ་མ་ལག་ཕྱོགས་ཡོངས་ནས་བཀོལ་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོ་དང་འབྲེལ་ཡོད་ཕྱོགས་ཀྱིས་སྟོབས་ཤུགས་ཡོད་རྒུས་ཡུན་ནན་གྱི་ས་འགུལ་གནོད་འཚེ་ཐེབས་སའི་གནོད་སེལ་རྒུད་སྐྱོབ་བྱ་བར་རྒྱབ་སྐྱོར་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་ཚན་ཁག་གིས་གཅིག་གྱུར་གྱིས་མཐུན་སྦྱོར་བྱས་ཏེ། རྒུད་སྐྱོབ་ཀྱི་དགོས་མཁོ་ལྟར་མྱུར་སྐྱོབ་རུ་ཁག་དང་སྨན་བཅོས་ཆེད་མཁས་པ། འཕྲུལ་འཁོར་སྒྲིག་ཆས། དངོས་ཟོག་སྨན་རྫས། འཕྲལ་བསྟུན་གྲོན་དངུལ་བཅས་ཡང་དང་ཡང་དུ་བསྣན་ནས། ས་གནས་ཀྱིས་གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བ་སྣ་ཚོགས་བཟང་པོར་སྒྲུབ་པར་རྒྱབ་སྐྱོར་དང་གཞོགས་འདེགས་བྱས། མིག་སྔར་གནོད་ཐེབས་ས་ཁུལ་གྱི་མི་སྣ་འཚོལ་ཞིབ་དང་རྨས་མ་སྨན་བཅོས། འཕྲོད་བསྟེན་རིམས་འགོག མང་ཚོགས་བཀོད་སྒྲིག བགྲོད་ལམ་ཉེན་སེལ། ཡང་བསྐྱར་གནོད་འཚེ་འབྱུང་བར་བཀག་འགོག གློག་ཤུགས་དང་འཕྲིན་གཏོང་སྒྲིག་ཆས་ཉམས་གསོ་སོགས་ཀྱི་བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད།

རྗེས་ཕྱོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་འབྲེལ་ཡོད་བརྡ་ཐོའི་རེ་བ་ལྟར་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་ཚན་ཁག་གིས་སྡེ་ཁག་སོ་སོ་དང་འབྲེལ་ཡོད་ཕྱོགས་སོ་སོར་སྔར་ལས་གཅིག་གྱུར་གྱིས་མཐུན་སྦྱོར་བྱས་ཏེ། གནོད་ཐེབས་ས་ཁུལ་གྱི་དགོས་མཁོ་ལྟར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། ཀྲུང་དབྱང་དང་ས་གནས། དམག་དཔུང་། དྲག་ཆས་ཉེན་རྟོག་བཅས་རྒུད་སྐྱོབ་སྟོབས་ཤུགས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། སྔོན་ལ་འཕྲལ་བསྟུན་རྒུད་སྐྱོབ་གྲོན་དངུལ་སྒོར་དུང་ཕྱུར་དྲུག་བཏང་བའི་རྨང་གཞིའི་སྟེང་ཡང་བསྐྱར་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་སྣོན་པ། དགོས་ངེས་ཀྱི་དུས་སུ་ད་དུང་རྒྱལ་ཁབ་དངོས་རྫས་གསོག་མཛོད་ཀྱི་དངོས་རྫས་བཀོལ་ནས་རྒྱབ་སྐྱོར་བྱེད་པ། གནོད་འཚེ་ཐེབས་སའི་ལམ་ནང་གི་བཀག་རྒྱ་སེལ་བའི་གོ་སྐབས་དང་བསྟུན་ནས་རྒུད་སྐྱོབ་དངོས་རྫས་གནོད་ཐེབས་ས་ཁུལ་ལ་མྱུར་དུ་སྐྱེལ་ནས་སྟེར་བ། རྨས་མ་ལྕི་མོ་རྣམས་མཐའ་འཁོར་གྱི་ཞིང་ཆེན་དུ་སྨན་བཅོས་བྱེད་པར་སྐྱེལ་བ། འཁྱིལ་མཚོ་ཡི་ཉེན་སེལ་བྱ་བ་དང་ཡང་བསྐྱར་གནོད་འཚེ་འབྱུང་བར་བཀག་འགོག་བྱེད་པའི་བྱ་བ་བརྟན་བརླིང་སྒོས་བསྒྲུབ་པ་བཅས་བྱས་ཏེ། གནོད་འཚེ་ཐེབས་སའི་གནོད་སེལ་རྒུད་སྐྱོབ་བྱ་བ་ཕན་ནུས་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་བསྒྲུབ་པར་རྒྱབ་སྐྱོར་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག