མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་དུས་མཚམས་གསར་པ་འབྱེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-06 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ7པའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ནས་གྲོས་ཚོགས་སྐོང་ཚོགས་གནང་ཏེ། ད་ལོའི་སྤྱི་ཟླ་༡༠པར་པེ་ཅིང་དུ་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་སྐོང་འཚོགས་བྱས་ནས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གལ་ཆེའི་གནད་དོན་ཐད་ཁྱོན་ཡོངས་ནས་ཞིབ་འཇུག་བྱ་རྒྱུའི་གཏན་འབེབས་གནང་ཡོད་པ་རེད། དེ་ནི་ཏང་གི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐོག་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་འཐབ་ཇུས་སྐོར་ཆེད་དོན་ཞིབ་འཇུག་བྱེད་ཐེངས་དང་པོ་ཡིན་ཞིང་། དེའི་ཐོག་ནས་ཀྲུང་གོས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་དུས་མཚམས་གསར་པ་འབྱེད་པ་མཚོན་ཡོད། སྤྱི་ཟླ7པའི་ཚེས9ཉིན། མི་དམངས་ཁྲིམས་ཁང་གི་སྤྱི་ལོ2014ལོ་ནས་སྤྱི་ལོ2018ལོའི་བར་གྱི་ལོ་ལྔ་ཚན་གྱི་འཆར་གཞི་བཞི་པའི་རྩ་གནད་ཁྱབ་བསྒྲགས་བྱས་ནས། གཙོ་གནད་ཁྱབ་ཁོངས་བརྒྱད་ལ་དམིགས་ནས་སྒྱུར་བཅོས་བྱ་ཐབས45བཏོན་ཡོད་པ་རེད།

མི་རིང་གོང་སྐོང་འཚོགས་བྱས་པའི་ཀྲུང་དབྱང་གི་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཚོད་ལྟའི་གནད་དོན་འགའ་ཞིག་སྐོར་གྱི་སྒྲོམ་གཞིའི་བསམ་འཆར་ཞེས་པ་དང་། ཧྲང་ཧེ་གྲོང་ཁྱེར་གྱི་ཁྲིམས་འཛིན་སྒྱུར་བཅོས་ཚོད་ལྟའི་ལས་དོན་ཇུས་གཞི། ཤེས་བྱའི་ཐོན་དབང་ཁྲིམས་ཁང་འཛུགས་རྒྱུའི་སྐོར་གྱི་ཇུས་གཞི་བཅས་ལ་གྲོས་འཆམ་བྱུང་ཡོད་པ་རེད། སྤྱི་ཚོགས་ནས་དོ་ཁུར་ཆེན་པོ་བྱེད་པ་དང་། མི་དམངས་ཀྱིས་རེ་སྒུག་ཆེན་པོ་བྱེད་པའི་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་དེ་ཀྲུང་དབྱང་གི་རྩེ་ཐོག་ཇུས་འགོད་དང་ས་གནས་ཀྱི་སྔོན་བསྐྱོད་ཚོད་ལྟ་བྱེད་པའི་ནང་འགོ་ཚུགས་ཡོད་པ་རེད།

གལ་ཆེའི་སྒྱུར་བཅོས་ཀྱི་ཁོངས་སུ་གཏོགས་པ་ཚང་མར་ཁྲིམས་གཞི་འཛིན་ས་ཡོད་དགོས་ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་སྒྱུར་བཅོས་གཏིང་ཟབ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གསུངས་བཤད་གནང་བ་དེས། སྒྱུར་བཅོས་དེ་ཁྲིམས་སྐྱོང་བགྲོད་ལམ་ཐོག་བསྐྱོད་རྒྱུར་ཁ་ཕྱོགས་གསལ་པོ་བསྟན་གནང་ཡོད་པ་རེད།

སློབ་གསོའི་བཅའ་ཁྲིམས་དང་། ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས། སྲིད་འཛིན་ཞུ་གཏུག་བཅའ་ཁྲིམས་བཅས་བཟོ་བཅོས་བྱ་རྒྱུ་དང་། འབྲུ་རིགས་བཅའ་ཁྲིམས་དང་། རྒྱུ་ནོར་དཔྱད་དཔོག་བཅའ་ཁྲིམས། རྒྱལ་ཁབ་གཟེངས་བསྟོད་དང་རྒྱལ་ཁབ་གཟི་བརྗིད་མཚན་སྙན་བཅའ་ཁྲིམས་བཟོ་རྒྱུ་སོགས་ད་ལོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་ནང་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་། ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་ཁྲིམས་འཛུགས་ལས་ཀ་ཉིན་རེའི་གྲོས་རིམ་ཐོག་བཞག་ཡོད་པ་རེད། ད་ལོའི་སྤྱི་ཟླ་༣པར། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་སྒྱུར་བཅོས་གོང་འཕེལ་ཨུ་ཡོན་ལྷན་ཁང་གི་རྣམ་གྲངས་༢༦དང་། སློབ་གསོ་པུའི་རྣམ་གྲངས་༢༤་སོགས་སྡེ་ཁག་ཁག་གིས་མིག་སྔར་སོར་བཞག་བྱས་པའི་སྲིད་འཛིན་ཞིབ་མཆན་འགོད་པའི་བྱ་དོན་རྣམ་གྲངས་རྩིས་ཁྲ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་པ་དང་། ཀྲུང་དབྱང་སྒྲིག་ཁོངས་གཞུང་ལས་ཁང་གི་དྲ་བའི་སྒོ་ཕྱེ་ཚེ་དྲ་ངོས་དང་པོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་ཁག་གི་དབང་ཆའི་རྩིས་ཁྲ་ཡིན་ཞིང་། སྨྱན་སྦྱོར་ཚན་པས་གཅིག་མཇུག་གཉིས་མཐུད་ཀྱིས་བརྒྱུད་བཀོད་བྱེད་པ་དང་། དྲ་གྲོགས་ཀྱིས་བསྔགས་བརྗོད་ཡང་ཡང་བྱས་ཡོད་པ་རེད།

ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་ལྟར་སྲིད་སྐྱོང་བྱེད་པ། ཁྲིམས་ལྟར་སྲིད་འཛིན་བྱེད་རྒྱུ་བཅས་ཐུན་མོང་དུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་ཕྱོགས་གཅིག་ཏུ་འཛུགས་སྐྲུན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་པ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ནན་སྟོན་གནང་བ་ཞིག་རེད། པེ་ཅིང་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཅང་མིན་ཨན་གྱིས། སྤྱི་པའི་དབང་ཆའི་ལས་ཁུངས་ཁྲིམས་ལྟར་སྐྱོང་རྒྱུ་ལག་བསྟར་ནན་པོ་བྱ་རྒྱུ་ནི་ཁྲིམས་སྐྱོང་ཀྲུང་གོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཡིན་པའི་ངོས་འཛིན་གནང་ཡོད།

བཅར་འདྲི་དང་ལེན་གནང་མཁན་རིགས་གཅིག་མཁས་པ་དང་རིག་གནས་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་ནི། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ལྡོག་མེད་གདམ་ག་ཞིག་ཡིན་པ་དང་། ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་འགན་དོན་འཁྱོལ་བྱེད་རྒྱུ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་སྐྱར་དར་གྱི་ཀྲུང་གོའི་ཕུགས་མདུན་མངོན་འགྱུར་བྱེད་པའི་འགན་ལེན་ནུས་ལྡན་ཞིག་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག