མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུན་ནན་ལུ་ཏན་གྱི་ཡོམས་འགོག་གནོད་སེལ་ཕྱོགས་བསྡུས་ཆ་འཕྲིན།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-06 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པས་སྤྱི་ཚེས5ཉིན་གྱི་སྔ་དྲོ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ནས། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པས་ཡུན་ནན་ལུ་ཏན་ས་ཡོམ་ཀྱི་ཡོམས་འགོག་གནོད་སེལ་གནས་ཚུལ་ཡོངས་བསྒྲགས་བྱས་ཡོད་པ་རེད། སྤྱི་ཚེས5ཉིན་གྱི་སྔ་དྲོའི་ཆུ་ཚོད10པ་བར་སླེབས་སྐབས། ས་ཡོམ་རྗེས་ཀྱི་ཆུ་ཚོད24ནང་། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པས་སྤྱི་ཚོགས་ནས་ཞལ་འདེབས་རྒྱབ་པའི་དངུལ་དང་དངོས་པོ་སྒོར་བྱེ་བ་གསུམ་དང་ས་ཡ་བརྒྱད་ཙམ་དང་ལེན་བྱས་ཡོད་པ་དང་། ཀྲུང་གོའི་རྒྱ་གྲམ་དམར་པོ་སྤྱི་ཁྱབ་ཚོགས་པ་དང་། ཀྲུང་གོའི་རྒྱ་གྲམ་དམར་པོ་ཐེབས་རྩ་ལྷན་ཚོགས། ཞིང་ཆེན་ཁག་གི་རྒྱ་གྲམ་དམར་པོ་ཚོགས་པ་བཅས་ཀྱིས་ཐུན་མོང་ཐོག་གནོད་འཚེ་ཕོག་ཁུལ་དུ་གུར་དང་། ཕོ་ཁེབས། སྟབས་བདེའི་ཐུག་པ། ཕྲུ་གུ་དམར་འབྱར་གྱི་འོ་རྩམ། འཐུང་ཆུ། རྒྱུན་སྤྱོད་སྨན་རྫས་སོགས་རིན་ཐང་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་དང་དགུ་འབུམ་བརྒྱད་ཁྲི་ཟིན་པའི་གནོད་སེལ་དངོས་ཟོག་སྤྲད་ཡོད་པ་དང་། མིག་སྔར་དངོས་ཟོག་དེ་དག་ཁག་དབྱེ་ནས་གནོད་འཚེ་ཕོག་ཁུལ་དུ་འབྱོར་རྒྱུ་ཡིན་པ་རེད།

སྤྱི་ཚེས5ཉིན་གྱི་སྔ་དྲོ། རྒྱལ་ཁོངས་ས་ཆའི་ཐོན་ཁུངས་པུས་ས་གཤིས་གནོད་འཚེའི་རིམ་པ་གསུམ་པའི་ཉེན་བརྡ་བཏང་ཡོད་པ་དང་། སྤྱི་ལོ2014ལོའི་ཟླ8པའི་ཚེས5ཉིན་ཆུ་ཚོད8པ་ནས་སྤྱི་ཚེས6ཉིན་གྱི་ཆུ་ཚོད8པའི་བར། ལུ་ཏན་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་ཏ་ཀོན་དང་། ཅིན་ཡང་། ལུ་ཏན། ཡན་ཅིན་སོགས་ས་ཆར་ས་གཤིས་གནོད་འཚེ་ཐོན་བཟོ་ཆེན་པོ་ཡོད་པ་རེད།

ཀྲུང་གོའི་ས་ཡོམ་ཅུས་ཀྱིས་སྤྱི་ཚེས4ཉིན་གྱི་ཕྱི་དྲོ་ཡུན་ནན་ལུ་ཏན་ས་ཡོམ་གནོད་འཚེ་ཐོན་ཁུལ་གྱི་བཀོད་འདོམས་པུའུ་བཙུགས་ཡོད་པ་དང་། གནོད་འཚེའི་གནས་ཚུལ་གྱི་འཕེལ་རིམ་ལ་ལྟ་ཞིབ་ཚད་ལེན་ནན་པོ་བྱ་རྒྱུ་ཡིན་པ་རེད། རིགས་གཅིག་མཁས་པས་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་སླད་ཕྱིན་ཉིན་ཤས་ནང་ས་ཡོམ་རིམ་པ་ལྔ་ནས་དྲུག་བར་རྒྱག་བཟོ་ཡོད་པའི་ཐོག་མའི་དབྱེ་ཞིབ་གནང་ཡོད་པ་དང་། ས་ཡོམ་ཁྲོད་མིག་སྔར་མི398རྐྱེན་ལམ་དུ་ཤོར་ཡོད་པ་དང་། མི1801ལ་རྨས་སྐྱོན་བཟོས་ཡོད། རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་མི་རེར་གྱོང་གསབ་རོགས་དངུལ་སྒོར་ཁྲི2སྤྲོད་རྒྱུ་ཡིན་པ་རེད།

བཟོ་ལས་དང་ཆ་འཕྲིན་ཅན་པུའི་ཆ་འཕྲིན་གསར་ཤོས་ལ་གཞིགས་ན། མིག་སྔའི་བར་སླེབས་སྐབས། ས་ཡོམ་ཁྲོད་ཡུན་ནན་ཀྲའོ་ཐོང་གྲོང་ཁྱེར་ལུ་ཏན་རྫོང་གི་འགུལ་སྐྱོད་འཕྲིན་གཏོང་ས་ཚིགས58ཀྱི་ཞབས་ཞུ་མེད་པ་ཆགས་པ་དང་། གཏན་འཇགས་ཁ་པར་གྱི་དྲ་བ13མཚམས་ཆད་ཡོད། ཡིན་ནའང་ས་གནས་དེ་གའི་དྲ་བ་དང་རྫོང་དང་ཤང་། གྲོང་བརྡལ་བཅས་ཀྱི་འཕྲིན་གཏོང་ཚང་མ་མེད་པ་ཆགས་མེད་པ་རེད། མིག་སྔར་གནོད་འཚེ་ཕོགས་ཁུལ་གྱི་འཕྲིན་གཏོང་གི་ལས་སྒོ་བརྟན་པོ་ཡོད་པ་དང་། འཚང་ཁ་བརྒྱབ་པའི་གནས་ཚུལ་ཐོན་མེད་པ་རེད།

ཡུན་ནན་ལུ་ཏན་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་གནོད་འཚེའི་གནས་ཚུལ་ལ་དམིགས་ནས། མིག་སྔར་སི་ཁྲོན་ཞིང་ཆེན་གྱིས་སྨན་ཁང་དྲུག་ཡུན་ནན་ལུ་ཏན་ས་ཡོམ་གནོད་འཚེ་ཕོག་ཁུལ་གྱི་རྨས་སྐྱོན་ཚབས་ཆེན་ཕོག་པའི་མི་སྣ་སྨན་བཅོས་བྱེད་སའི་གནས་གཏན་འཁེལ་གྱི་སྨན་ཁང་ལ་གཏན་འཁེལ་བྱས་ཡོད།

ས་ཡོམ་བརྒྱབ་རྗེས། རྨས་མ་མང་པོར་ཁྲག་བླུགས་དགོས་ཀྱི་ཡོད་པ་དང་། ཁང་པ་དང་རྒྱུ་ནོར་གྱོང་གུན་ཆེན་པོ་བཟོས་ཡོད་ལ། ད་དུང་ཛ་དྲག་དགོས་མཁོ་ཆེ་བའི་སྤྱོད་རྫས་ཁག་གཅིག་གནོད་འཚེ་ཕོག་ཁུལ་དུ་བསྐྱལ་དགོས་ཀྱི་ཡོད་པ་དང་། ཞིང་ཆེན་ཁག་གི་ལས་ཁུངས་དང་ད་དུང་ཀུང་སི་དང་ཁེ་ལས་ཚང་མས་དེ་གར་དངོས་ཟོག་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་རེད། སྤྱི་ཟླ8པའི་ཚེས4ཉིན་ཉིན་གཅིག་གི་དུས་ཚོད་ནང་། ཀྲའོ་ཐོང་གྲོང་ཁྱེར་ཡོངས་སུ་མི386གིས་ལུ་ཏན་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་ཁྲག་ཕུལ་ཡོད་པས། ཁྲག་ཧའོ་ཧྲེང་ཆིག་འབུམ་ཆིག་ཁྲི་དགུ་སྟོང་བརྒྱད་བརྒྱ་བསྡུ་ལེན་ཐུབ་ཡོད། དེ་མིན། ལས་རིགས་ཁག་གིས་གཅིག་མཇུག་གཉིས་མཐུད་ངང་རོགས་སྐྱོར་བྱས་ཡོད་པས། མིག་སྔར་ཞལ་འདེབས་རྒྱབ་པའི་དངུལ་དང་དངོས་པོ་སྒོར་བྱེ་བ་ཙམ་ཟིན་གྱི་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག