མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དང་ལིས་ཁི་ཆང་གིས་ཡུན་ནན་ཞིང་ཆེན་ཀྲའོ་ཐུང་གྲོང་ཁྱེར་ལུའུ་ཏེན་རྫོང་དུ་ས་འགུལ་བརྒྱུགས་པར་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-04 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིན་གྱི་དུས་ཚོད་ཟླ8པའི་ཚེས3ཉིན་གྱི་དུས་ཚོད་བཅུ་དྲུག་དང་ཕྱེད་ཀ་ཡས་མས་སུ། ཡུན་ནན་ཞིང་ཆེན་ཀྲའོ་ཐུང་གྲོང་ཁྱེར་ལུའུ་ཏེན་རྫོང་ཁོངས་སུ་ཚད་རིམ་དྲུག་དང་གྲངས་ཆུང་ལྔའི་ས་འགུལ་བརྒྱུགས་པ་དང་། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་བཅུ་གཉིས་ཡོད། ཐོག་མར་བསྡོམས་རྩིས་བྱས་པ་ལྟར་ན། ཚེས་བཞི་ཉིན་གྱི་དུས་ཚོད་གཉིས་དང་ཕྱེད་ཀའི་བར་དུ། ལུའུ་ཏེན་གྱི8པའི་ཚེས3ཉིན་གྱི་ས་འགུལ་ཁྲོད་ཀྲའོ་ཐུང་གྲོང་ཁྱེར་ལུའུ་ཏེན་རྫོང་དང་ཆའོ་ཅ་རྫོང་། ཀྲའོ་དབྱང་ས་ཁུལ་དང་ཆུའུ་ཅིན་གྲོང་ཁྱེར་ཧོས་ཙིག་རྫོང་བཅས་ཀྱི་མི367རྐྱེན་ལམ་དུ་ཤོར་བ་དང་། མི1801ལ་རྨས་ཕོག མི57200མྱུར་དུ་གནས་སྤོར་དགོས། ལུའུ་ཏེན་རྫོང་མཁར་ནས་ས་འགུལ་བརྒྱུགས་སའི་དཀྱིལ་སྙིང་ལུང་ཐིག་ཧྲན་གྲོང་རྡལ་བར་གྱི་ལམ་བརྡིབས་ནས་ཆད་པ་དང་། ས་ཁུལ་ཁ་ཤས་ནས་ཁང་པ་བརྡིབས་པའི་གནས་ཚུལ་བྱུང་།

ས་འགུལ་བརྒྱུགས་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧ་ཅང་མཐོང་ཆེན་གནང་བ་དང་། མྱུར་དུ་མཛུབ་སྟོན་གལ་ཆེན་གནང་ནས། དེང་སྐབས་མི་སྐྱོབ་རྒྱུ་དེ་གོ་གནས་དང་པོར་འཇོག་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་མི་སྣར་ཤི་རྨས་འབྱུང་ཚད་ཇེ་ཉུང་དུ་བཏང་ནས། མང་ཚོགས་བཀོད་སྒྲིག་བྱེད་པའི་བྱ་བ་འོས་འཚམ་སྒོས་བཟང་པོར་སྒྲུབ་དགོས་ལ། འབྲེལ་ཡོད་ཕྱོགས་ཀྱིས་མྱུར་དུ་གནོད་འཚེའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་། མང་ཚོགས་ཉེན་ཁ་ལས་གཡོལ་བར་རྩ་འཛུགས་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་གནོད་འགོག་རྒུད་སྐྱོབ་ཁྲོད་དུ་ཞུགས་དགོས་པ་དང་། ས་འགུལ་ཚད་ལེན་དང་སྔོན་བརྡ་བྱ་བར་ཤུགས་བསྣན་ནས། ཡང་བསྐྱར་གནོད་འཚེ་འབྱུང་བར་དོགས་ཟོན་ནན་མོ་བྱེད་དགོས་པའི་ཐུགས་རེ་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། འབྲེལ་ཡོད་ཕྱོགས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་ཞིག་རོའི་འོག་ཏུ་མནན་པའི་མི་སྣ་དང་རྨས་མ་མྱུར་སྐྱོབ་བྱེད་དགོས་ལ། མང་ཚོགས་ལ་བཟའ་རྒྱུ་ཡོད་པ་དང་། གོན་རྒྱུ་ཡོད་པ། ཆུ་གཙང་མ་འཐུང་རྒྱུ་ཡོད་པ། གནས་སྐབས་ཀྱི་འདུག་ས་ཡོད་པ། ནད་ཕོག་ན་མྱུར་དུ་སྨན་བཅོས་བྱེད་ཐུབ་པ་བཅས་བྱེད་དགོས་པར་མ་ཟད། རྒུད་སྐྱོབ་དངོས་རྫས་དང་མི་སྣའི་སྐྱེལ་འདྲེན་དང་འཕྲིན་གཏོང་ལ་བཀག་རྒྱ་མེད་པར་འགན་སྲུང་བྱས་ཏེ། གནོད་འཚེ་ཐེབས་སའི་སྤྱི་ཚོགས་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་དགོས་པའི་ཐུགས་རེ་བཏོན།

ཞི་ཅིན་ཕེན་དང་ལིས་ཁི་ཆང་རྣམ་གཉིས་ཀྱི་མཛུབ་སྟོན་ལྟར། རྒྱལ་ཁབ་གནོད་སེལ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། དམངས་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ཅང་ལིས་ཀྱིས་འབྲེལ་ཡོད་སྡེ་ཁག་གིས་གྲུབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱ་བའི་ཚན་ཁག་ཁྲིད་དེ་ས་འགུལ་གྱི་གནོད་འཚེ་ཐེབས་སར་སོང་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་གནོད་འཚེ་ཐེབས་སའི་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། རྒུད་སྐྱོབ་བྱ་བར་མཛུབ་སྟོན་བྱས། རྒྱལ་ཁབ་གནོད་སེལ་ཨུ་ཡོན་ལྷན་ཁང་དང་དམངས་སྲིད་པུའུ་ཡིས་མྱུར་དུ་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་རྒུད་སྐྱོབ་འཕྲལ་བསྟུན་བྱེད་ཐབས་སྤྱད་པ་དང་། ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་བྱ་བའི་ཚན་ཁག་ཁྲིད་དེ་གནོད་འཚེ་ཐེབས་སར་ཐོན་ཡོད་ལ། ས་འགུལ་གནོད་སེལ་གྱི་བྱ་བ་སྣ་ཚོགས་མྱུར་དུ་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག