མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་དང་ལིས་ཁི་ཆང་རྣམ་གཉིས་ཀྱིས་ཅང་སུའུ་ཁུན་ཧྲན་གྲོང་ཁྱེར་ནས་ཟླ8པའི་ཚེས2ཉིན་བྱུང་བའི་འགས་གཏོར་དོན་རྐྱེན་ཐད་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གནང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-08-03 11:11

ཞིན་ཧྭ་གསར་འགྱུར་གི་གློག་འཕྲིན་ལྟར། ཟླ8པའི་ཚེས2ཉིན་གྱི་དུས་ཚོད7དང་སྐར་མ37སྟེང་། ཅང་སུའུ་སུའུ་ཀྲིག་གི་ཁུན་ཧྲན་གྲོང་ཁྱེར་གྱི་གསར་སྤེལ་ཁུལ་དུ་ཡོད་པའི་ཀྲུང་རོང་ལྕགས་རིགས་ཐོན་རྫས་ཚད་ཡོད་ཀུང་ཟིའི་རླངས་འཁོར་འཁོར་ལོ་ལས་སྣོན་འཁོར་ཁང་དུ་འགས་གཏོར་བྱུང་བ་དང་། ཐོག་མར་བསྡོམས་རྩིས་བྱས་པ་ལྟར་ན། དོན་རྐྱེན་ཁྲོད་ནས་མི68རྐྱེན་ལམ་དུ་ཤོར་བ་དང་། མི150ལྷག་ལ་རྨས་ཕོག

དོན་རྐྱེན་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧ་ཅང་མཐོང་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མྱུར་དུ་མཛུབ་སྟོན་གལ་ཆེན་གནང་ནས། ཅང་སུའུ་ཞིང་ཆེན་དང་འབྲེལ་ཡོད་ཕྱོགས་ཀྱིས་སྟོབས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོབ་བྱེད་དགོས་པ་དང་། འདས་པོའི་ཁྱིམ་མི་ལ་སེམས་གསོ་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས་ལ། དོན་དག་གི་འབྱུང་རྐྱེན་ལ་ཞིབ་བཤེར་གསལ་བོ་བྱེད་པ་དང་། འགན་འཁུར་པའི་འགན་འཁྲི་རྩད་གཅོད་བྱེད་པ། དོན་རྐྱེན་དེའི་བསླབ་བྱ་དང་ལེན་བྱེད་པ་བཅས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ཇེ་དམ་དུ་གཏོང་དགོས། ད་ལྟ་དབྱར་གཞུང་ཡིན་པས། འབར་སླ་ཞིང་འགད་སླ་བའི་ཉེན་ཁ་སྣ་ཚོགས་དངོས་སུ་སེལ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་དངོས་སུ་འགན་སྲུང་བྱེད་དགོས་པའི་ཐུགས་རེ་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། སྟོབས་ཤུགས་ཡོད་རྒུས་ཡུལ་དངོས་ནས་འཚོལ་ཞིབ་ཞིབ་མོ་བྱེད་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་རྨས་མ་མྱུར་སྐྱོབ་བྱེད་པ། དུས་ཚོད་དམ་འཛིན་སྒོས་ཉེན་ཁར་ཞིབ་བཤེར་བྱེད་པ། ཡང་བསྐྱར་དོན་རྐྱེན་འབྱུང་བར་བཀག་འགོག་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། དོན་རྐྱེན་འདིའི་རིགས་ཡང་བསྐྱར་འབྱུང་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པའི་ཐུགས་རེ་བཏོན།

དོན་རྐྱེན་བྱུང་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཙུང་ལི་ལིས་ཁི་ཆང་གི་མངགས་བཅོལ་ལྟར། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་གིས་འབྲེལ་ཡོད་སྡེ་ཁག་འགན་འཁུར་བློ་མཐུན་ཁྲིད་དེ་ཡུལ་དངོས་ལ་སོང་ནས་དོན་རྐྱེན་གྱི་མྱུར་སྐྱོབ་དང་འཕྲལ་བསྟུན་ཐག་གཅོད་བྱ་བར་མཛུབ་སྟོན་བྱས། ཅང་སུའུ་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་མྱུར་དུ་དོན་རྐྱེན་བྱུང་སར་སོང་ནས་ཉེན་སེལ་མྱུར་སྐྱོབ་བྱ་བར་རྩ་འཛུགས་བྱས། མིག་སྔར། བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་སྒོ་ནས་སྒྲུབ་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག