མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲུང་པུའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-08-01 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲུང་པུས་སྤྱི་ཟླ7པའི་ཚེས31ཉིན་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། གསར་འགྱུར་མགྲིན་ཚབ་པ་སྒེང་གཡན་ཧྲེང་གིས་བཅིངས་གྲོལ་དམག་གི་ལྷོ་ནུབ་མཚོ་འགྲམ་ཁུལ་དུ་ནང་སྦྱོང་བྱས་པ་སོགས་ཉེ་དུས་དོ་ཁུར་ཆེན་པོ་བྱེད་པའི་དམག་དོན་གླེང་གཞིའི་ཐད་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་ཡོད་པ་རེད། དེ་མིན། ཟླ་བ་འདིའི་རྒྱལ་སྲུང་པུའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐེངས་དང་པོར་ཕྱི་རྒྱལ་གྱི་གསར་འགོད་པར་སྒོ་དབྱེ་བྱས་ཡོད། བཅིངས་གྲོལ་དམག་གིས་ཉེ་དུས་ལྷོ་ནུབ་མཚོ་འགྲམ་དུ་ནང་སྦྱོང་བྱས་པ་དེས་ཚད་གཞི་ངེས་གཏན་ཐོག་དམངས་སྤྱོད་མཁའ་འགྲུལ་གྱི་རྒྱུན་གཏན་འགྲོ་འོང་ལ་ཤུགས་རྐྱེན་བཟོས་ཡད་པས། དེའི་ཐད་སྒེང་གཡན་ཧྲེང་གིས། དམག་དོན་བྱེད་སྒོས་མཁའ་འགྲུལ་ལ་ཚད་གཞི་ངེས་གཏན་གྱི་ཤུགས་རྐྱེན་བཟོས་པ་དེ་ནི་དོན་དངོས་གནས་ཚུལ་ཞིག་ཡིན་ཞིང་། རྒྱལ་ཁབ་ཁག་ཚང་མར་གཅིག་པ་ཡིན། ད་ཐེངས་ཀྱི་ནང་སྦྱོང་རིང་རྒྱལ་ཁབ་མཁའ་ཐོག་འགྲིམ་འགྲུལ་དོ་དམ་ཚོད་འཛིན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ཆེད་མངགས་ལྟ་སྐུལ་མཛུབ་འཁྲིད་ཞིབ་བཤེར་ཚོགས་ཆུང་མངགས་གཏོང་བྱས་ཏེ། སྤྱི་ཚོགས་དང་མཁའ་འགྲུལ་ཀུང་སིར་སྔ་བསྣུར་དུ་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། མཁའ་ཁོངས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ལེགས་བསྒྱུར་བྱེད་པ། དམག་དམངས་ཀྱི་མཁའ་འགྲུལ་དོ་དམ་འཁོར་བསྐྱོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ཞིབ་ཚགས་ཅན་གྱི་འཁོར་བསྐྱོད་དོ་དམ་བྱ་ཐབས་ལག་བསྟར་བྱས་པ། དུས་ཚོད་གཏན་འཁེལ་བྱས་མེད་པའི་གནམ་གྲུ་ཚོད་འཛིན་འོས་འཚམ་བྱེད་པ་སོགས་བྱ་ཐབས་མང་པོ་བཟུང་བ་དང་། དམངས་སྤྱོད་མཁའ་འགྲུལ་གྱི་རྒྱལ་སྤྱིའི་གནམ་གྲུ་ཚུད་པའི་གནམ་གྲུའི་འཕུར་བསྐྱོད་ལ་ཤུགས་རྐྱེན་ཐེབས་ཚད་ཚད་གཞི་ཆེ་ཤོས་ཐོག་ཆུང་དུ་བཏང་ཡོད་ཅེས་གསུངས་ཡོད།

ལྗར་ཕན་གསར་འགྱུར་ལས་རིགས་ཀྱིས་སྤེལ་བའི་དཔྱད་གཏམ་ནང་། ཀྲུང་གོའི་ཉེ་དུས་ཀྱི་དམག་དོན་ནང་སྦྱོང་ནང་ལྗར་ཕན་དེ་བསམ་ཚོད་དགྲ་བོར་བཞག་ཡོད་ཅེས་གླེང་བའི་ཐད། སྒེང་གཡན་ཧྲེང་གིས། ཀྲུང་གོའི་དམག་དཔུང་གི་ནང་སྦྱོང་བྱེད་སྒོ་ཡོངས་ནི་ལོ་འཁོར་སྦྱོང་བརྡར་འཆར་གཞིའི་ནང་གི་འཆར་ཅན་རང་བཞིན་གྱི་བཀོད་སྒྲིག་ཅིག་ཡིན་པ་དང་། རང་དམག་གི་དངོས་འཐབ་ཅན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་ལ་སྐུལ་འདེད་གཏོང་བ། བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ནུས་པ་མཐོ་རུ་གཏོང་བ་བཅས་བྱ་རྒྱུའི་ཆེད་དུ་ཡིན་པ་ལས། རྒྱལ་ཁབ་གང་རུང་དང་དམིགས་ས་གང་རུང་ལ་དམིགས་པ་ཞིག་མིན། གལ་ཏེ་མི་སུ་ཞིག་གིས་ནང་སྦྱོང་བྱེད་སྒོ་དེ་དག་ལ་དོགས་པ་བྱེད་པ་དང་། དོན་མེད་ཀྱིས་མནོང་ལེན་པ་སོགས་བྱས་ཚེ། དེ་ནི་ཁོང་ཚོ་རང་ཉིད་ཀྱི་གནད་དོན་ཞིག་རེད་ཅེས་གསུངས་ཡོད་པ་རེད།

རྒྱ་གར་མཚམས་སྦྱོར་ལས་རིགས་ཀྱིས་ཀྲུང་གོའི་དམག་དཔུང་གིས་ཀྲུང་གོ་དང་རྒྱ་གར་ས་མཚམས་ཀྱི་དངོས་གཞིའི་ཚོད་འཛིན་ས་མཚམས་ནས་རྒྱ་གར་ལ་བཙན་འཛུལ་བྱས་ཡོད་ཅེས་བཤད་པར་དམིགས་ཏེ། སྒེང་གཡན་ཧྲེང་གིས། ཀྲུང་གོ་དང་རྒྱ་གར་གྱི་ས་མཚམས་ད་བར་གཏན་འཁེལ་བྱས་མེད་པ་དང་། ཕྱོགས་གཉིས་པོས་དངོས་གཞིའི་ཚོད་འཛིན་ས་མཚམས་ལ་གོ་བ་ལེན་སྟངས་ཡང་གཅིག་པ་མིན། ན་ནིང་ཟླ་བ་བཅུ་པར། ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་པོས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་སྲུང་གྲོས་ཆོད་བཞག་པ་དང་། ཀྲུང་གོའི་མཐའ་སྲུང་དཔུང་སྡེས་ད་བར་གྲོས་ཆོད་དེར་བརྩི་སྲུང་ནན་པོ་ཞུས་ཡོད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག