
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་པེ་ཅིན་ནས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱས་པ་དང་། སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་དག་ཐེར་དང་བཅོས་སྒྱུར་དངོས་འབེབས་དང་སྒྲིག་ཡིག་དང་ལམ་ལུགས་འཛུགས་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། དག་ཐེར་དང་བཅོས་སྒྱུར་དངོས་འབེབས་དང་གནད་དོན་ཐག་གཅོད་པའི་གནད་འགག་ནི་བྱེ་བྲག་ཅན་ཡིན་པས། བྱེ་བྲག་གི་དོན་དག་ནས་མགོ་རྩོམ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སྐོར་ཐེངས་གཉིས་པའི་བྱ་འགུལ་དེ་གཞི་རིམ་ནས་སྤེལ་བའི་ཁྱད་ཆོས་གསལ་བོར་ཤེས་པར་བྱས་ཏེ། མང་ཚོགས་ཀྱི་དོན་དག་སྒྲུབ་དཀའ་བའི་གནད་དོན་ལ་ནན་ཏན་སྒོས་དག་ཐེར་བཅོས་སྐྱོང་བྱེད་པ་དང་། གང་འདོད་དུ་གྲོན་དངུལ་བསྡུ་བ་དང་ཆད་པ་གཅོད་པའི་གནད་དོན་ལ་དག་ཐེར་དང་བཅོས་སྐྱོང་བྱེད་པ། དམངས་ཕན་སྲིད་ཇུས་དངོས་འབེབས་བཟང་བོ་མ་བྱས་པའི་གནད་དོན་ལ་དག་ཐེར་དང་བཅོས་སྐྱོང་བྱེད་པ། མང་ཚོགས་ཀྱི་སྒོར་མོ་ཆད་ལ་བཞག་པ་སོགས་ཀྱི་གནད་དོན་ལ་དག་ཐེར་དང་བཅོས་སྐྱོང་བཅས་བྱས་ནས། མང་ཚོགས་དང་འབྲེལ་བ་ཡོད་པའི་མི་ལེགས་པའི་བྱ་སྤྱོད་སྣ་ཚོགས་རྦད་ཆོད་སྒོས་ཡོ་བསྲང་བྱེད་དགོས་ཟེར།
ལིག་ཡུན་ཧྲན་གྱིས་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྐོར་ཐེངས་དང་པོ་དང་སྐོར་ཐེངས་གཉིས་པའི་དག་ཐེར་དང་བཅོས་སྒྱུར་བྱ་བའི་འབྲེལ་མཐུད་དང་གཅིག་གྱུར་གྱི་འཆར་འགོད་ལག་བསྟར་ནན་མོ་བྱས་ཏེ། གོང་རིམ་ལ་འགན་ཡོད་ན་གོང་རིམ་གྱིས་རང་འགུལ་སྒོས་སྒྲུབ་དགོས་པ་དང་འོག་རིམ་ལ་འགན་ཡོད་ན་འོག་རིམ་གྱིས་རང་འགུལ་སྒོས་སྒྲུབ་དགོས་ལ། གོང་འོག་གཉིས་ཀྱིས་སྒྲུབ་འོས་པའི་གྲོས་གཞི་ཞིག་ཡིན་ན་གོང་འོག་གཉིས་ཀྱིས་མཉམ་དུ་ཐག་གཅོད་བྱེད་ཐབས་ལ་ཞིབ་འཇུག་བྱས་ནས་དག་ཐེར་དང་བཅོས་སྒྱུར་ལས་འགན་དངོས་འབེབས་བྱེད་པར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་གསུངས། །