ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གིས་ཉེ་སྔོན་ཧེ་ལུང་ཅང་གི་བྱ་བར་རྟོག་ཞིབ་བྱེད་སྐབས། བཅོས་སྒྱུར་གྱི་གནད་སར་སྔར་ལས་བསམ་བློ་གཏོང་བ་དང་། ལམ་ལུགས་གསར་སྐྲུན་ལ་ཤུགས་སྣོན་པ། སྨན་བཅོས་བཅོས་སྒྱུར་གཏིང་ཟབ་ཏུ་འཕེལ་རྒྱས་སུ་འགྲོ་བར་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བཅོས་སྒྱུར་གྱི་ཕན་ཁེ་སྔར་ལས་མང་བོ་དང་སྔར་ལས་བཟང་བོ་མི་དམངས་ཡོངས་ལ་ཐོབ་ཏུ་འཇུག་དགོས། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་། ཚན་རྩལ་ཞབས་ཞུའི་ལས་རིགས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། ཤར་བྱང་བཟོ་ལས་རྟེན་གཞི་རྙིང་པ་ཕྱོགས་ཡོངས་ནས་དར་རྒྱས་སུ་གཏོང་བར་རྒྱབ་རྟེན་སྟོབས་ཅན་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བཤད།
ལིག་ཡན་ཏུང་ཧ་ཨར་པེན་དང་སོས་ཧྭ་གྲོང་ཁྱེར་གྱི་གཞུང་བཙུགས་སྨན་ཁང་དང་། གསོ་རིག་ཚན་རྩལ་གླིང་དང་སློབ་གྲྭ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་བཅས་ལ་རྟོག་ཞིབ་ཏུ་སོང་ནས། སྨན་པ་དང་གླིང་གཙོ། དགེ་རྒན། སྡེ་བའི་སྨན་པ། ནད་པ། རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་ཀྱི་བྱ་བ་སྒྲུབ་མཁན་བཅས་ལ་ཁ་བརྡ་ཞིབ་མོ་བྱས་ཏེ་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོ་མོས་ནད་པ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་སྨན་བཅོས་བྱེད་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་པར་དམ་དུ་སྦྲེལ་ནས། སྨན་བཅོས་བཅོས་སྒྱུར་དེར་ཁྱབ་ཁོངས་གཙོ་བོ་ནས་ངོ་བོ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས། གཞུང་བཙུགས་སྨན་ཁང་བཅོས་སྒྱུར་བྱེད་ན་སྨན་གྱིས་སྨན་པའི་ཚབ་མི་བྱེད་པར་དོ་དམ་ལམ་ལུགས་དང་སྨན་རྫས་ཉོ་སྡུད། མི་དོན་གླ་ཕོགས་སོགས་ཕྱོགས་བསྡུས་བཅོས་སྒྱུར་གཅིག་གྱུར་སྒོས་སྤེལ་བ་དང་། སྨན་བཅོས་འགན་སྲུང་གི་སྨན་རིན་རྩིས་སྤྲོད་ལ་ཞིབ་ཚགས་ཅན་གྱི་དོ་དམ་བྱེད་པར་ཤུགས་སྣོན་པ། འཁོར་སྐྱོད་སྒྲིག་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། རྒྱང་བསྟེན་སྨན་བཅོས་དང་ཁ་གཏད་རོགས་སྐྱོར་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་ཞབས་ཞུའི་ནུས་པ་ཇེ་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་དགོས། གཞི་རྩའི་སྨན་རྫས་ལམ་ལུགས་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ལྷག་པར་དུ་ཞང་སྡེའི་སྨན་པའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་ཁོ་ཚོའི་བྱ་བ་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས། གསོ་རིག་དང་ཚན་རིག སློབ་གསོ་བཅས་ཀྱི་མཐུན་སྦྱོར་ཇེ་དམ་དུ་བཏང་ནས། སློབ་ཁྲིད་དང་སྨན་རྫས་གསར་སྤེལ་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། གསོ་རིག་ཤེས་ལྡན་མི་སྣ་སྐྱེད་སྲིང་གི་མ་ལག་འཐུས་ཚང་དུ་བཏང་ནས། གཞི་རིམ་ལ་འཚམ་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པར་མཐོང་ཆེན་བྱེད་དགོས། རིམ་པ་བགར་ཏེ་སྨན་བཅོས་བྱེད་པའི་མ་ལག་འཛུགས་སྐྲུན་བྱས་ཏེ། གཞི་རིམ་ནས་ཐོག་མར་ནད་ལ་བརྟག་པ་དང་། སྨན་བཅོས་བྱེད་པར་ཕན་ཚུན་བར་དུ་གནས་སྤོར་བ། རིམ་པ་བགར་ནས་ནད་བཅོས་བྱེད་པ་བཅས་ཀྱི་སྨན་བཅོས་སྒྲིག་ལམ་རིམ་བཞིན་ཆགས་པར་བྱས་ནས། རིམ་པ་སོ་སོའི་སྨན་བཅོས་ལས་ཁུངས་ཀྱིས་མཐུན་སྦྱོར་སྒོས་ནུས་པ་འདོན་པར་ཁྲིད་སྟོན་བྱེད་དགོས། སྤྱི་ཚོགས་ཀྱིས་སྨན་ཁང་འཛུགས་པའི་ཁོར་ཡུག་ཤུགས་ཆེན་པོས་ཇེ་ལེགས་སུ་གཏོང་བ་དང་། བདེ་ཐང་གི་ཞབས་ཞུའི་ལས་རིགས་མྱུར་དུ་གོང་འཕེལ་ལ་བཏང་ནས། མང་ཚོགས་ཀྱི་ཉིན་རེར་ཇེ་ཆེར་འགྲོ་བཞིན་པའི་བདེ་ཐང་གི་དགོས་མཁོ་རྒྱུན་ཆད་མེད་པར་བསྐོང་དགོས་ཞེས་བཤད།
ལིག་ཡན་ཏུང་གིས་ད་དུང་ཚན་རྩལ་ཞབས་ཞུའི་ལས་རིགས་ཀྱི་གོང་འཕེལ་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཡུལ་དངོས་ནས་ཚན་རྩལ་གསར་སྐྲུན་ལས་སྐྲུན་ཞབས་ཞུའི་སྟེགས་བུ་དང་ཞིང་ལས་ཚན་རྩལ་གླིང་། ཞིང་ལས་ཚན་རྩལ་དཔེ་སྟོན་ཁུལ་སོགས་ལ་གཟིགས་ཞིབ་བྱས། ཁོ་མོས་ཚན་རྩལ་ཞབས་ཞུའི་ལས་རིགས་ནི་ཚན་རྩལ་དང་དཔལ་འབྱོར་གཏིང་ཟབ་ཏུ་འདྲེས་པར་བྱེད་པ་དང་། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ལས་ཞུགས་ལས་སྐྲུན་རྒྱ་བསྐྱེད་པ་བཅས་ལ་ནུས་པ་གཙོ་བོ་ལྡན་པ་དང་། ཤར་བྱང་བཟོ་ལས་རྟེན་གཞི་རྙིང་པ་ཕྱོགས་ཡོངས་ནས་དར་རྒྱས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་པས། ཁྲོམ་ར་ཕྱོགས་སྟོན་དུ་འཛིན་པ་དང་། ཐོན་ཁུངས་མཉམ་བསྲེས་དང་སྒྲིག་ལུགས་གསར་སྐྲུན་ལ་ཤུགས་བསྣན་ནས། གསར་སྤེལ་ཇུས་འགོད་དང་ལས་སྐྲུན། ཤེས་བྱའི་ཐོན་དབང་། ཚན་རྩལ་དངུལ་ལོར་སོགས་ཀྱི་ཞབས་ཞུ་གོང་འཕེལ་ཆེན་པོ་གཏོང་བ་དང་། ཚན་རྩལ་གྱི་གྲུབ་འབྲས་ཐོན་ལས་ཅན་དུ་བསྒྱུར་ཏེ། དཔལ་འབྱོར་འཕར་སྣོན་གྱི་གནས་གསར་བ་དང་མ་འོངས་འཕེལ་རྒྱས་ཀྱི་ཁྱབ་སྟོབས་གསར་བ་བསྐྲུན་དགོས། ཞིང་ལས་ཚན་རྩལ་གསར་སྐྲུན་ལ་ཧ་ཅང་མཐོང་ཆེན་བྱས་ཏེ། སྔོན་ཐོན་དང་ཉེར་མཁོའི་ཞིང་ལས་ལག་རྩལ་གསར་སྤེལ་བྱས་ཏེ་ཁྱབ་གདལ་དུ་གཏོང་བ་དང་། ཞིང་ལས་ལག་རྩལ་གྱི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཐུས་ཚང་དུ་འཛུགས་པ། བྱང་ཚད་མཐོ་བའི་ཞིང་ལས་ཚན་རྩལ་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། ཐོན་ནུས་མཐོ་བ་དང་རྒྱུ་སྤུས་ལེགས་ལ་ཕན་འབྲས་མཐོ་བའི་སྐྱེ་ཁམས་བདེ་འཇགས་ཀྱི་དེང་རབས་ཞིང་ལས་འཛུགས་སྐྲུན་བྱེད་པ་བཅས་བྱས་ཏེ། ཞིང་ལས་ཀྱི་ཐོན་ཚད་འཕར་བ་དང་ཞིང་པའི་ཡོང་སྒོ་འཕར་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བཤད། །