ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ་༢༠༡༤ལོའི་ལོ་སྟོད་དུ། ཁོར་ཡུག་སྲུང་སྐྱོབ་པུས་༡༢༣༦༩ཁོར་ཡུག་སྲུང་སྐྱོབ་ཀྱི་ཐེར་འདོན་ཁ་པར་བརྒྱུད་མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གནད་དོན་ཁག་༦༩༦བདག་སྤྲོད་བྱས་པ་དང་། དེ་སྤྱི་ལོ་༢༠༡༣ལོའི་དུས་མཚུངས་ལས་བརྒྱ་ཆ་༢༣ཆག་ཡོད་པ་རེད། དེའི་ནང་། རླུང་ཁམས་ཆེན་མོའི་སྦགས་བཙོག་ནི་སྔར་བཞིན་མང་ཚོགས་ཀྱིས་དོ་ཁུར་བྱེད་ས་གཙོ་བོ་དེ་ཡིན་ཞིང་། དེ་དང་འབྲེལ་བའི་ཐེར་འདོན་གྱོད་དོན་ཁག་༥༥༨ཡོད་པ་དང་། བདག་སྤྲོད་བྱས་པའི་གྱོད་དོན་སྤྱི་འབོར་གྱི་བརྒྱ་ཆ་༨༠.༢ཟིན་ཏེ། སྤྱི་ལོ་༢༠༡༣ལོའི་དུས་མཚུངས་ལས་བརྒྱ་ཆ་༨.༤འཕར་ཡོད་པ་རེད།
ས་ཁོངས་ཐད་ནས་བལྟས་ཚེ། དབུས་ཤར་ས་ཁུལ་གྱི་ཐེར་འདོན་གྱོད་དོན་ཉུང་དུ་ཕྱིན་ཡོད་པ་དང་། ཐེར་འདོན་བྱེད་ཚད་མང་ཤོས་ཀྱི་ཞིང་ཆེན་དང་པོ་ནས་བཞི་པ་ནི་ཁག་སོ་སོར་ཧོ་ནན་དང་། ཧྲན་ཏུང་། ཅང་སུའུ། ཧོ་པེ་བཅས་ཡིན། ཐེར་འདོན་བྱས་པའི་ལས་རིགས་ནས་བལྟས་ཚེ། རྫས་འགྱུར་བཟོ་ལས་ཐེར་འདོན་བྱེད་ཚད་དེ་སྦགས་བཙོག་ལྡན་པའི་ལས་རིགས་ནང་ཨང་དང་པོ་ཟིན་པ་དང་། དེ་རྗེས་ངར་ལྕགས་བཙོ་སྦྱང་ལས་རིགས་དང་། ལྕགས་རིགས་མ་ཡིན་པའི་གཏེར་ཁའི་ཐོན་རྫས་ལས་སྣོན་བཟོ་ལས་བཅས་ཡིན་ཞིང་། ལས་རིགས་དེ་གསུམ་པོའི་ཐེར་འདོན་བསྡོམས་འབོར་གྱིས་བདག་སྤྲོད་བྱས་པའི་ཐེར་འདོན་གྱོད་གཞིའི་སྤྱི་འབོར་གྱི་བཅུ་ཆ་དྲུག་ཟིན་ཡོད་པ་རེད། །