
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུན་ཧྲན་གྱིས་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་པེ་ཅིན་ནས་གྲོས་དཔོན་གཞོན་པ་ལིས་ཞི་ཞོན་གྱིས་ཁྲིད་པའི་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་མིའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧན་གོར་རྒྱལ་དོན་འཚམས་འདྲི་གནང་བ་ལེགས་འགྲུབ་བྱུང་ནས། ཀྲུང་གོ་དང་ཧན་གོའི་ལོ་རྒྱུས་སྟེང་དུ་རྡོ་རིང་གསར་བ་ཞིག་བཞེངས། ཀྲུང་གོ་དང་ཧན་གོའི་འབྲེལ་བ་མགོ་རྩོམ་ས་གསར་བ་ཞིག་ཏུ་སླེབ་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཀོད་པའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ནས། འཐབ་ཇུས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་རྒྱུ་ཡིན་པ་དང་། ཁེ་ཕན་གྱི་ཐུན་མོང་ཚོགས་པ་ཇེ་བརྟན་དུ་གཏོང་བ། མི་གཞུང་འབྲེལ་བ་ཇེ་བརྟན་དུ་གཏོང་བ་དང་། ཧུར་ཐག་སྒོས་རྒྱལ་ཁབ་དར་རྒྱས་དང་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱས་ཏེ། རང་ས་ཁུལ་ཞི་བདེ་བརྟན་འཇགས་ཡོང་བར་ཡར་སྐུལ་བྱེད་འདོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མུ་མཐུད་དུ་ཧན་གོ་རྒྱལ་ཁབ་ཀྱི་སྲིད་ཏང་སོ་སོའི་བར་མཛའ་མཐུན་འགྲོ་འོང་བྱེད་པར་ཤུགས་སྣོན་པ་དང་། ཏང་དང་རྒྱལ་ཁབ་སྐྱོང་བའི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་ནས། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཧན་གོ་བར་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་པར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་འདོད་ཡོད་ཟེར།
ལིས་ཞི་ཞོན་གྱིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧན་གོར་རྒྱལ་དོན་འཚམས་འདྲི་མཛད་པ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཞིག་ཏུ་ཡར་སྐུལ་བྱས་ཤིང་། ང་ཚོས་ཏང་བར་གྱི་ཐབས་ལམ་བརྒྱུད་དེ་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བར་རང་ཉིད་ཀྱི་བྱས་རྗེས་འཇོག་འདོད་ཡོད་ཟེར། །