མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་དུང་མིང་ཆན་གྱིས་ལས་འགན་སྣང་མེད་དུ་བཏང་བའི་གྱོད་གཞིར་འདྲི་གཅོད་ཐེངས་དང་པོ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-25 11:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པས་སྤྱི་ཚེས24ཉིན་ཧུའུ་ནན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་དུང་མིང་ཆན་གྱིས་ལས་འགན་སྣང་མེད་དུ་བཏང་བའི་གྱོད་གཞིར་ཁྲིམས་ར་ཚོགས་ཏེ་འདྲི་གཅོད་ཐེངས་དང་པོ་བྱས་ཡོད།

པེ་ཅིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཡན་ལག་ཁྲིམས་ཁང་གཉིས་པས་སྤྱི་ལོ2012ལོའི་སྤྱི་ཟླ12པ་ནས་སྤྱི་ལོ2013ལོའི་སྤྱི་ཟླ2པར། དུང་མིང་ཆན་གྱིས་ཀྲུང་གུང་ཧུའུ་ནན་ཞིང་ཆེན་ཧེང་ཡང་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་། ཧེང་ཡང་གྲོང་ཁྱེར་སྐབས་བརྗེའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ། ཧེང་ཡང་གྲོང་ཁྱེར་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་སྐབས་འཕྲལ་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་འགན་ཁུར་སྐབས། སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་འགན་ཁུར་མི་སྣ་དང་པོ་ཡིན་པའི་ངོས་ནས། ཧེང་ཡང་གྲོང་ཁྱེར་གྱིས་ཧུའུ་ནན་ཞིང་ཆེན་གྱི་སྐབས་༡༢པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་འདེམས་སྐབས། སྔ་རྗེས་དུ་ཞིང་ཆེན་མི་དམངས་འཐུས་མིའི་འོས་མི་དང་། ཧེང་ཡང་གྲོང་ཁྱེར་དང་དེའི་ཁོངས་གཏོགས་རྫོང་དང་གྲོང་ཁྱེར་ཁུལ་བཅས་ཀྱི་འགོ་ཁྲིད་ལས་བྱེད་པ་མང་པོས་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འོས་མིའི་ཁྲོད་དངུལ་སྤྲད་ནས་འདེམས་ཤོག་ཉོ་བའི་གནད་དོན་ལྷག་པ་ཐེར་བཏོན་བྱས་ཀྱང་། བྱ་ཐབས་ནུས་ལྡན་བཟུང་ནས་རྩད་གཅོད་མཐར་ཕྱིན་མ་བྱས་པས་གནད་དོན་དེ་རྒྱ་ཡན་དུ་ཕྱིན་ནས། ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འདེམས་བསྐོའི་ཁྲོད་དངུལ་སྤྲད་ནས་འདེམས་ཤོག་རག་ཐབས་བྱེད་པའི་གནད་དོན་ཚབས་ཆེན་ཐོན་ཡོད། འདེམས་བསྐོ་མཇུག་སྒྲིལ་རྗེས་ཀྱང་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་རྩད་གཅོད་ནན་པོ་བྱས་མེད་པ་རེད། དུང་མིང་ཆན་གྱིས་ལས་འགན་སྣང་མེད་དུ་བཏང་བ་དེས། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོས་པ་དང་། བྱས་ཉེས་ཚབས་ཆེ་བས། འགན་གནས་སྣང་མེད་དུ་བཏང་བའི་ཉེས་མིང་ཐོག་ནས་ཉེན་དོན་འགན་འཁྲི་རྩད་གཅོད་བྱེད་དགོས་པའི་ཞུ་གཏུག་རྒྱབ་ཡོད།

ཁྲིམས་རའི་ཐོག གཞུང་ཕྱོགས་ཀྱི་ཞུ་སྦྱོར་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བཏོན་པ་དང་། ཞུ་སྦྱོར་སྔ་མ་དང་ཕྱི་མས་དངོས་དཔང་བསྟན་པ་དང་བཤེར་རྩོད་བྱས་ཡོད། ཁྲིམས་ཁང་གིས་དུས་ཚོད་གཞན་ཞིག་བདམས་ནས་གྱོད་གཞི་དེར་ཁྲིམས་ཐག་གཅོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག