ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2014ལོའི་ལོ་མཇུག་གོང་ས་གནས་ཁག་གིས་གྲོང་ཁྱེར་སྐྲུན་ཟིན་ཁུལ་གྱི་ཁྱབ་ཁོངས་ནང་གི་བཙོག་ཆུའི་ཁྲོན་ཁེབས་ཀྱི་མི་མངོན་པའི་རྐྱེན་ངན་བཅོས་སྒྲིག་གི་ལས་དོན་མཇུག་འགྲིལ་ནས་བཙོག་ཆུའི་ཁྲོན་ཁེབས་བདེ་འཇགས་ཡིན་ཚད་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་དེ་ཉེ་ཆར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བ་རེད།
སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་འབྲེལ་ཡོད་མི་སྣས་བཙོག་ཆུའི་ཁྲོན་ཁེབས་ནི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་གྲུབ་ཆ་གལ་ཆེན་དང་བཙོག་ཆུའི་ཁྲོན་ཁེབས་ལ་དོ་དམ་བྱ་རྒྱུ་དེ་གྲོང་ཁྱེར་དོ་དམ་གྱི་ནང་དོན་གལ་ཆེན་ཞིག་ཡིན་པ་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་གྲོང་ཁྱེར་ཞིག་གི་དོ་དམ་ཆུ་ཚད་མཚོན་ཡོད། རིམ་ཁག་གྲོང་ཁྱེར་འཛུགས་སྐྲུན(དོ་དམ)སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱིས་ཚད་མཐོའི་འགན་འཁུར་གྱི་བསམ་པའི་ཐོག་ནས་བཙོག་ཆུའི་ཁྲོན་ཁེབས་དོ་དམ་ལ་ཤུགས་སྣོན་རྒྱག་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ངོས་འཛིན་གང་ལེགས་བྱེད་པ་དང་ཏན་ཏིག་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་མཐའ་དག་བསལ་ནས་བཙོག་ཆུའི་ཁྲོན་ཁེབས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་བཤད་པ་རེད།
སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་བཙོག་ཆུའི་ཁྲོན་ཁེབས་དོ་དམ་འགན་འཁྲིའི་གཙོ་གཟུགས་དོན་འཁྱོལ་བྱས་ནས“སུར་བདག་པ་དེས་འགན་འཁུར་བའི”རྩ་དོན་གཞིར་བཟུང་བཙོག་ཆུའི་ཁྲོན་ཁེབས་ཉམས་བཟོ་དང་། བདག་སྐྱོང་། དོ་དམ་བཅས་ཀྱི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་དགོས། བཙོག་ཆུའི་ཁྲོན་ཁེབས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་པའི་རྨང་གཞིའི་ཐོག་བཙོག་ཆུའི་ཁྲོན་ཁེབས་གསར་བརྗེས་དང་སྒྱུར་བཀོད་ཀྱི་འཆར་གཞི་བཟོ་བ་དང་། ཁྲོན་ཁེབས་ལྷུང་འགོག་གི་སྲུང་སྐྱོང་སྒྲིག་བཀོད་དང་རྐུ་འགོག་སྲུང་སྐྱོང་སྒྲིག་བཀོད་སྣ་ཚོགས་གསབ་སྣོན་བྱེད་པ། བཙོག་ཆུའི་ཁྲོན་ཁེབས་ཀྱི་བདེ་འཇགས་འགོག་སྲུང་རིམ་པ་མཐོ་རུ་གཏོང་བ་བཅས་བྱེད་དགོས། དུས་ཚོད་ཐུང་ཐུང་ནང་སྒྱུར་བཀོད་བྱེད་དཀའ་ན་བབ་བསྟུན་གྱི་བདེ་འཇགས་བྱ་ཐབས་འཐུས་ཚང་དུ་གཏོང་བ་དང་། ཉེན་བརྡ་གཏོང་བའི་མཚོན་རྟགས་མངོན་གསལ་དོད་པོ་འཛུགས་པ། སྔོན་བརྡ་གཏོང་བ་དང་ལྟ་སྐུལ་ཚོད་འཛིན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་བདེ་འཇགས་ཐད་ཀྱི་མི་མངོན་པའི་རྐྱེན་ངན་མེད་པ་བཟོ་དགོས་པའི་བླང་བྱ་བཏོན་པ་རེད།
སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་བཙོག་ཆུའི་ཁྲོན་ཁེབས་སྐོར་གཡེང་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་བཟོ་བ་དང་འཐུས་ཚང་དུ་གཏོང་བ་དང་། ཁྲོན་ཁེབས་བཟོ་བའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། བཙོག་ཆུའི་ཁྲོན་ཁེབས་གྲངས་གཞི་ཅན་དུ་དོ་དམ་བཅས་བྱེད་དགོས། དུས་མཚུངས་དྲིལ་བསྒྲགས་དང་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྤྱི་དམངས་ཀྱི་བཙོག་ཆུའི་ཁྲོན་ཁེབས་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་དགོས་ཞེས་བླང་བྱ་བཏོན་པ་རེད།