མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ཨ་ཀིན་ཐིན་གྱི་པུའུ་དབྱི་ནའོ་སི་ཨེ་ལིས་སི་གྲོང་ཁྱེར་གྱི་ཧྲི་ཀྲང་མཱ་ཁི་ལིས་ཀྱིས་གྲོང་ཁྱེར་གྱི་ཚབ་བྱས་ཏེ་བྱིན་པའི་གྲོང་ཁྱེར་གྱི་ལྡེ་མིག་དང་ལེན་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-21 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས་བཅུ་དགུ་ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨ་ཀིན་ཐིན་གྱི་པུའུ་དབྱི་ནའོ་སི་ཨེ་ལིས་སི་ནས་ཧྲི་ཀྲང་མཱ་ཁི་ལིས་ཀྱིས་གྲོང་ཁྱེར་དེའི་ཚབ་བྱས་ཏེ་བྱིན་པའི་གྲོང་ཁྱེར་གྱི་ལྡེ་མིག་དང་ལེན་བྱས།

ཞི་ཅིན་ཕེན་གྱིས་བསྟན་དོན། ཧྲི་ཀྲང་མཱ་ཁི་ལིས་ཀྱིས་ང་ལ་གྲོང་ཁྱེར་གྱི་ལྡེ་མིག་བྱིན་པ་དེས། པུའུ་དབྱི་ནའོ་སི་ཨེ་ལིས་སི་དང་ཨ་ཀིན་ཐིན་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་བཅངས་པའི་མཛའ་སེམས་མཚོན་ཡོད་པ་དང་། ངས་པུའུ་དབྱི་ནའོ་སི་ཨེ་ལིས་སི་གྲོང་ཁྱེར་གྱི་མི་དམངས་ལ་ལྷག་སེམས་རྣམ་དག་གིས་འཚམས་འདྲི་དང་ལྷད་མེད་ཀྱི་སྨོན་འདུན་ཞུས་པ་ཡིན། པུའུ་དབྱི་ནའོ་སི་ཨེ་ལིས་སི་ནི་ཀྲུང་གོ་དང་ཨ་ཀིན་ཐིན་གཉིས་བར་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་བའི་བདེན་དཔང་དང་སྔོན་བསྐྱོད་པ་ཡིན་ལ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ནམ་ཡང་ལཱ་ཏེན་མེ་གླིང་གི་མདུན་གྲས་སུ་བསྐྱོད་བཞིན་ཡོད་ཟེར།

མཛད་སྒོ་མ་བསྡུས་པའི་སྔོན་དུ། ཞི་ཅིན་ཕེན་གྱིས་མཱ་ཁི་ལིས་ལ་མཇལ་འཕྲད་གནང་། ཞི་ཅིན་ཕེན་གྱིས་བསྟན་དོན། པུའུ་དབྱི་ནའོ་སི་ཨེ་ལིས་སི་ཡིས་དུས་ཡུན་རིང་བོར་པེ་ཅིན་དང་ཀོང་ཀྲིག་སོགས་ཀྲུང་གོའི་གྲོང་ཁྱེར་དང་བརྗེ་རེས་མཉམ་ལས་དམ་ཟབ་བྱེད་པ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཨ་ཀིན་ཐིན་དང་ལཱ་ཏེན་མེ་གླིང་གྲོང་ཁྱེར་གྱི་མདུན་དུ་བསྐྱོད་བཞིན་ཡོད་པས། ཀྲུང་གོ་དང་ཨ་ཀིན་ཐིན་བར་གྱི་མཛའ་བརྩེ་མཉམ་ལས་ཀྱི་སྒེའུ་ཁུང་གཙོ་བོར་གྱུར་ཡོད། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་ས་གནས་བར་གྱི་འགྲོ་འོང་ལ་ཤུགས་སྣོན་དང་། ཚན་རྩལ་དང་སློབ་གསོ། རིག་གནས། ལུས་རྩལ་བཅས་ཐད་ཀྱི་བརྗེ་རེས་ལ་སྐུལ་འདེད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་དགོས་ཟེར།

མཱ་ཁི་ལིས་ཀྱིས་པུའུ་དབྱི་ནའོ་སི་ཨེ་ལིས་སི་ཡིས་ཀྲུའུ་ཞི་ཞི་ཅིན་ཕེན་འཚམས་འདྲིར་ཕེབས་པར་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཨ་ཀིན་ཐིན་ལ་རྒྱལ་དོན་འཚམས་འདྲི་བྱས་པ་དེས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་བཏང་བ་མ་ཟད། ལས་གཞི་ཆེན་པོ་སྐོར་ཞིག་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་བྱས་ནས། པུའུ་དབྱི་ནའོ་སི་ཨེ་ལིས་སི་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་གོ་སྐབས་བཟང་བོ་བསྐྲུན་པར་སྙམ།

ཝང་ཧུའུ་ཉིན་དང་ལིས་ཀྲན་ཧྲུའུ། ཡཱང་ཅེ་ཁྲི་སོགས་གོང་གི་བྱ་འགུལ་ལ་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག