མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྡེ་ཚན་ལྔས་མཉམ་འབྲེལ་ཐོག་ཡིག་ཆ་འགྲེམས་སྤེལ་བྱས་ནས་གཞུང་སྤྱོད་རླངས་འཁོར“ནུས་རྒྱུ་གསར་པ་ཅན”དུ་འགྱུར་བའི་ དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ་བཟོས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-07-20 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་13ཉིན་རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་དང་།ནོར་སྲིད་པུའུ།ཚན་རྩལ་པུའུ།བཟོ་ལས་དང་ཆ་འཕྲིན་ཅན་པུའུ།རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག《སྲིད་གཞུང་གི་ལས་ཁུངས་དང་དེ་བཞིན་སྤྱི་པའི་སྒྲིག་གཞིས་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་བའི་ལག་བསྟར་ཇུས་གཞི》ཡོངས་བསྒྲགས་བྱས་ནས་སྲིད་གཞུང་གི་ལས་ཁུངས་དང་སྤྱི་པའི་སྒྲིག་གཞིའི་གཞུང་དོན་དུ་སྤྱོད་པའི་རླངས་འཁོར“ནུས་རྒྱུ་གསར་པ་ཅན”དུ་འགྱུར་བའི་དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ་གཏན་འཁེལ་བྱས་པ་རེད།

ཟླ་7ཚེས་9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་2014ལོའི་ཟླ་9ཚེས་1ཉིན་ནས་2017ལོའི་ལོ་མཇུག་བར་ནུས་རྒྱུ་གསར་པའི་རླངས་འཁོར་རིགས་གསུམ་ཉོ་སྒྲུབ་ཀྱི་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུའི་གཏན་འཁེལ་བྱས་པ་རེད།རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།གཏན་འབེབས་དེ་སྡེ་ཚན་ལྔས་བཟོས་པའི་ལག་བསྟར་ཇུས་གཞིའི་དམིགས་ཚད་དང་གཅིག་མཚུངས་ཡིན་པ་དེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་ནུས་ལྡན་ཞིག་ཡིན་པ་རེད།ལག་བསྟར་ཇུས་གཞིའི་དམིགས་ཡུལ་ནི་ཏང་སྲིད་ལས་ཁུངས་ཀྱིས་དཔེ་སྟོན་སྣེ་ཁྲིད་བྱེད་པ་དང་།ཁྲོམ་རའི་ལམ་སྲོལ་ལ་བརྟེན་ནས་གཙོ་ཁྲིད་དང་ཚད་ལྡན་ཡོང་བ་བྱེད་པ།བརྒྱུད་རིམ་ཧྲིལ་པོར་ལས་འབོར་ཞིབ་དཔྱད་བྱེད་པ་བཅས་ཀྱི་བྱེད་ཐབས་ཐོག་ནས“འགྱུར་མེད་ཚད་གཞིར་བརྟེན་ནས་ཚོད་འཛིན་དང་སྤུས་ཚད་འགན་ལེན་བྱེད་པ་དང་མངོན་མེད་ཁོར་ཡུག་ལ་བརྟེན་ནས་ཡིད་འགུགས་པ་དང་སྤུས་ཚད་མཐོ་རུ་གཏོང་བའི”སྲིད་ཇུས་འཁོར་སྐྱོད་ཀྱི་ལམ་སྲོལ་ཞིག་ཆགས་པ་བྱེད་པ་དང་ནུས་རྒྱུ་གསར་པའི་རླངས་འཁོར་ཡུན་རིང་ཁྱབ་གདལ་བཏང་ཡང་གཏོང་མི་ཐུབ་པའི་དཀའ་གནད་ལས་སྒྲོལ་བ་བྱ་ཆེད་ཡིན་པ་རེད།

འགན་ཁུར་བ་དེས་ཇུས་གཞིའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྒྲུབ་ཀྱི“དུས་ཚོད་རེའུ་མིག”གསལ་པོ་བཟོས་ནས་2014ལོ་ནས་2016ལོའི་བར་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་དེ་བཞིན་ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་དང་བེད་སྤྱོད་གཏོང་བའི་གྲོང་ཁྱེར་གྲས་སུ་བཅུག་པའི་སྲིད་གཞུང་ལས་ཁུངས་དང་སྤྱི་པའི་སྒྲིག་གཞིས་ཉོས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་དེས་ལོ་དེར་སྒྲིག་སྦྱོར་གསར་བརྗེས་བྱས་པའི་སྤྱི་འབོར་ནང་བཟུང་བའི་བསྡུར་གྲངས་30%ལས་མི་དམའ་བ་བྱེད་པ་དང་དེ་རྗེས་ལོ་རེ་བཞིན་མཐོ་རུ་གཏོང་དགོས་ཞེས་བསྟན་པ་རེད།གཞན་ཡང་ཇུས་གཞི་དེའི་ནང་ད་དུང་ཞིང་ཆེན་དང་།རང་སྐྱོང་ལྗོངས།གྲོང་ཁྱེར་བཅས་ཁག་གི་སྲིད་གཞུང་ལས་ཁུངས་དང་སྤྱི་པའི་སྒྲིག་གཞིས་ལོ་དེ་དག་ནང་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྒྲུབ་ཀྱི་བསྡུར་ཚད་གཏན་འཁེལ་བྱས་པ་དང་ལྷག་དོན་དུ་2014ལོར་པེ་ཅིང་དང་།ཐེན་ཅིན།ཧོ་པེ།འབྲི་ཆུའི་ཟུར་གསུམ།ཀྲུའུ་ཅང་གཙང་པོའི་ཟུར་གསུམ་བཅས་ཀྱི་ཕྲ་ཆུང་དངོས་པོ་བཅོས་སྐྱོང་གི་ལས་འགན་ལྕི་ཙམ་ཡོད་པའི་ས་ཁོངས་ཀྱི་སྲིད་གཞུང་ལས་ཁུངས་དང་དེ་བཞིན་སྤྱི་པའི་སྒྲིག་གཞིའི་ཉོ་སྒྲུབ་ཀྱི་བསྡུར་གྲངས་དེ་ལོ་དེའི་15%ལས་མི་དམའ་བ་བྱེད་དགོས་ཞེས་བསྟན་ཡོད་ཅེས་བཤད་པ་རེད།

སྲིད་གཞུང་ལས་ཁུངས་དང་དེ་བཞིན་སྤྱི་པའི་སྒྲིག་གཞིའི་ཁྱབ་ཁོངས་སྐོར་ཇུས་གཞིའི་ནང་ནོར་སྲིད་ཀྱི་མ་དངུལ་ཆ་ཚང་ངམ་ཡང་ན་ཁག་གཅིག་བེད་སྤྱོད་གཏོང་མཁན་རྒྱལ་ཁབ་ལས་ཁུངས་དང་།བྱ་གཞག་ཚན་པ།ཚོགས་པའི་རྩ་འཛུགས་བཅས་དབྱེ་འབྱེད་གསལ་པོ་བྱས་ཡོད་པ་རེད།

སྤྱི་དམངས་ཀྱིས་དོ་ཁུར་བྱེད་པའི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་རྨང་གཞིའི་སྒྲིག་བཀོད་ལ་དམིགས་ནས་ཇུས་གཞི་དེའི་ནང་གཏན་འབེབས་གསལ་པོ་བྱས་ཏེ་གློག་གསོག་མཐུད་ཁ་དང་ནུས་རྒྱུ་གསར་པའི་རླངས་འཁོར་གྲངས་འཁོར་དབར་གྱི་བསྡུར་ཚད་1∶1ལས་མི་དམའ་བ་བྱེད་དགོས་ཞེས་བསྟན་པ་རེད།སྡེ་ཚན་ལྔས་ཁེ་ལས་ཀྱིས་མ་འཇོག་བྱ་རྒྱུ་གཙོ་བོར་བྱེད་པ་དང་སྲིད་གཞུང་གིས་ལྕག་སྐུལ་དང་སྣེ་ཁྲིད་བྱེད་པའི་རྩ་དོན་གཞིར་བཟུང་སྤྱི་ཚོགས་ཀྱི་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་པ་དང་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གནད་ཆེའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་གློག་གསོག་གི་དགོས་མཁོ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཇི་ལྟར་བྱས་ནས་དམིགས་ཚད་དང་བླང་བྱ་དེ་དག་དོན་འཁྱོལ་བྱེད་པའི་ཐད་ལག་བསྟར་ཇུས་གཞི་དེས་ཚད་ལྡན་ངང་ཉོ་སྒྲུབ་དང་དོ་དམ་བྱེད་པ་དང་།སྒྲིག་བཀོད་ཀྱི་ཞབས་ཞུའི་མ་ལག་སྐྲུན་པ།བེད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཕྱོགས་གསུམ་ལ་དམིགས་ནས་ཞིབ་ཕྲའི་བྱ་ཐབས་14བཏོན་པ་དེའི་ནང་སྲིད་གཞུང་ལས་ཁུངས་དང་སྤྱི་པའི་སྒྲིག་གཞིས་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་བར་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་ལོངས་སྤྱོད་བྱ་རྒྱུ་ཡོད་པ་དང་འཇིབ་ཆུང་རླངས་འཁོར་ཉོས་པའི་རིན་གོང་དེ་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་འཐེན་རྗེས་སྒོར་ཁྲི་18ལས་བརྒལ་མི་ཆོག་པ་དང་།ས་གནས་སྲིད་གཞུང་གིས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་སྒྲིག་ཆས་དེ་གྲོང་ཁྱེར་གྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ལ་བརྩིས་ནས་གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་འཇུག་དགོས་པ།སྲིད་གཞུང་གི་ལས་ཁུངས་དང་སྤྱི་པའི་སྒྲིག་གཞིས་རླངས་འཁོར་འཇོག་ས་གསར་སྣོན་ནམ་ཡང་ན་སྒྱུར་བཀོད་བྱེད་སྐབས་ཆེད་མངགས་ཀྱི་ནུས་རྒྱུ་གསར་པའི་རླངས་འཁོར་འཇོག་ས་དང་དེ་བཞིན་གློག་གསོག་སའང་འཛུགས་དགོས་པ།ས་གནས་ཀྱིས་འཕྲུལ་སྒུལ་རླངས་འཁོར་ཨང་རྟགས་ཚོད་འཛིན་ངང་སྐྱོད་པ་དང་།ཨང་རྟགས་བྱང་བུ་ཕམ་ཚོང་རྒྱག་པ།རླངས་འཁོར་ཉོ་བའི་དམིགས་ཚད་བཟོ་བ།ལམ་བུའི་ཐོག་སྔོན་དུ་གཏོང་བ་སོགས་ཀྱི་ལམ་ལུགས་བཟོ་བ་དང་ལག་བསྟར་བྱེད་པའི་ཐད་ནུས་རྒྱུ་གསར་པའི་རླངས་འཁོར་ལ་སྲིད་ཇུས་ཀྱི་ཐོག་ནས་གཟིགས་སྐྱོང་ངེས་ཅན་བྱེད་དགོས་པ་སོགས་ཚུད་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག