མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིས་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་དྲུག་པར་ཞུགས་པ་དང་འབྲེལ་གལ་ཆེའི་གསུང་བཤད་ཀྱང་གནང་བ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-07-19 11:52

    ཟླ་7ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་པར་ཙིར་གྱི་ཕུའུ་ཐ་ལའེ་སར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་དྲུག་པར་ཞུགས་པ་དང་འབྲེལ་གལ་ཆེའི་གསུང་བཤད་ཀྱང་གནང་བ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་7ཚེས་15ཉིན་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་དྲུག་པ་པར་ཙིར་གྱི་ཕུའུ་ཐ་ལའེ་སར་གནང་ཞིང་།ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་།པར་ཙིར་གྱི་ཙུང་ཐུང་ལུའོ་སའེ་ཕུའུ།ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་།རྒྱ་གར་གྱི་ཙུང་ལི་མོ་ཏི།ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ཙུའུ་མ་བཅས་ཞུགས་པ་དང་།རྒྱལ་ཁབ་ལྔའི་འགོ་ཁྲིད་ཀྱིས“བསྟུན་མཁས་རང་བཞིན་གྱི་འཕར་ཐབས་མངོན་འགྱུར་ཡོང་བའི་རྒྱུན་སྲིང་ཅན་གྱི་ཐག་གཅོད་ཇུས་གཞི”བརྗོད་དོན་གཙོ་བོར་དམིགས་ཏེ་མིག་སྔའི་འཛམ་གླིང་གི་དཔལ་འབྱོར་དུས་བབ་དང་རྒྱལ་སྤྱིའི་ཆབ་སྲིད་བདེ་འཇགས་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བར་ཐུན་མོང་གི་ངོས་འཛིན་ཡོངས་ཁྱབ་ཏུ་བྱུང་བ་དང་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

    ཞིས་ཅིན་ཕིང་གིས《འགོ་འཛུགས་ས་གསར་པ་དང་།རེ་འདུན་གསར་པ།སྒུལ་ཤུགས་གསར་པ》ཞེས་འགོ་བརྗོད་དུ་འཁོད་པའི་བརྗོད་དོན་གཙོ་བོའི་གསུང་བཤད་གནང་ནས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཉམས་མྱོང་ཕྱོགས་སྡོམ་དང་སླད་ཕྱིན་གྱི་མཉམ་ལས་བྱེད་ཕྱོགས་བཏོན་ཏེ་ཀྲུང་གོས་མུ་མཐུད་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ནང་ཞུགས་ནས་འཛམ་གླིང་ཞི་བདེར་སྲུང་སྐྱོང་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཞིས་ཅིན་ཕིང་གིས་རྒྱལ་སྤྱི་དང་ས་ཁུལ་གྱི་གལ་ཆེའི་གནད་དོན་ཐད་འབོ་གསེར་རྒྱལ་ཁབ་ཀྱིས་ཐུན་མོང་ཐོག་འབོད་སྒྲ་གྲགས་པ་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ནས་འཛམ་གླིང་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་དང་།གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་།རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཅས་ལ་གཞོལ་རྒྱུ་ནི་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་ཀྱི་གལ་ཆེའི་སྟོབས་ཤུགས་དང་རྒྱལ་སྤྱིའི་མ་ལག་གི་ཧུར་བརྩོན་གྱི་འཛུགས་སྐྲུན་པ་ཞིག་ཡིན་ཞེས་ནན་བཤད་གནང་བ་རེད།

    ཞིས་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱིས་སྒོ་དབྱེ་དང་།བསྟུན་མཁས།མཉམ་ལས།གཉིས་ཁེ་བཅས་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱས་པ་དང་ལོ་ལྔའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག་མཉམ་ལས་ཀྱི་འཆར་གཞི་གསར་པ་བཏོན་ཏེ་དེ་བས་དམ་ཟབ་དང་།དེ་བས་ཕྱོགས་ཡོངས།དེ་བས་སྲ་བརྟན་བཅས་ཀྱི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོང་དགོས།ཞིབ་ཕྲ་བཤད་ན་གཤམ་གསལ་གྱི་ཕྱོགས་འགའ་ཞིག་ཐད་འབད་བརྩོན་བྱེད་དགོས་ཞེས་གསུངས་པ་སྟེ།

    གཅིག བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་རྒྱུན་སྲིང་ངང་འཕེལ་རྒྱུར་སྐུལ་མ་གཏོང་དགོས།དཔལ་འབྱོར་སྒྱུར་བཅོས་བྱས་ནས་ནང་སྐྱེ་འཕེལ་ནུས་ཆེ་རུ་གཏོང་བ་དང་བསྟུན་མཁས་རང་བཞིན་གྱི་འཕར་ཐབས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་ཀྱི་སྲིད་ཇུས་ཀྱིས་སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་འདེགས་པ་དང་དཔལ་འབྱོར་དེ་འབོར་གྲངས་འཕེལ་བ་ནས་སྤུས་ཚད་མཐོ་རུ་གཏོང་བར་འགྱུར་རྒྱུར་སྐུལ་མ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་དང་།སྤྱི་ཚོགས་འཕེལ་རྒྱས།ཁོར་ཡུག་སྲུང་སྐྱོང་བཅས་མཐུན་སྦྱོར་བྱས་ཏེ་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་ཆེ་རུ་གཏོང་དགོས།

    གཉིས།བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་དཔལ་འབྱོར་མཉམ་ལས་བྱེད་དགོས།ཚོང་དོན་དང་མ་འཇོག་ཁྱབ་ཁོངས་སུ་གཞི་གཅིག་ཅན་གྱི་ཁྲོམ་ར་ཆེན་པོ་འཛུགས་རྒྱུའི་འཚོལ་ཞིབ་བྱེད་པ་དང་།དངུལ་ལོར་དངུལ་རྩའི་ཐད་རིམ་པ་མང་བའི་ཁོར་རྒྱུག་ཆེན་པོ་འཛུགས་པ།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཁྱབ་ཁོངས་སུ་མཚོ་སྐམ་མཁའ་གསུམ་བཅས་མཉམ་འབྲེལ་ཆེན་པོ་ཆགས་པ་བྱེད་པ།སྤྱི་ཚོགས་དང་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་ཀྱི་ཁྱབ་ཁོངས་སུ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་སྤེལ་རེས་ཆེན་པོར་སྐུལ་མ་གཏོང་བ་བཅས་བྱེད་དགོས།འབོ་གསེར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་འཕྲལ་སྡོམ་གསོག་འཇོག་བཀོད་སྒྲིག་གང་མྱུར་འཁོར་སྐྱོད་ཐུབ་རྒྱུར་སྐུལ་མ་གཏོང་དགོས།

    གསུམ།བློ་བརྟན་འགྱུར་མེད་ངང་ཕྱི་རོལ་གྱི་འཕེལ་རྒྱས་ལ་ཕན་པའི་ཁོར་ཡུག་གཏོད་དགོས།གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་མ་བཏང་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་གཏམ་བཤད་བྱེད་དབང་ཆེ་རུ་གཏོང་བའི་འབྲེལ་ཡོད་ཐུན་མོང་གི་ངོས་འཛིན་དང་གཏན་འབེབས་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་གོ་ལ་ཧྲིལ་པོའི་སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་མཐུན་སྦྱོར་ལ་སྐུལ་མ་གཏོང་དགོས།

    བཞི།བློ་བརྟན་འགྱུར་མེད་ངང་འབོ་གསེར་རྒྱལ་ཁབ་ཀྱི་བདེན་པའི་འབོད་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།རྒྱལ་སྤྱིའི་ལས་དོན་ནང་ཐུན་མོང་ཐོག་ཇུས་གཞི་འདོན་པ་དང་།བདེན་པ་སྐྱོང་བ།འདྲ་མཉམ་ལག་བསྟར་བཅས་བྱས་ནས་རྒྱལ་སྤྱིའི་དྲང་བདེན་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་།གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་སྐུལ་མ་གཏོང་དགོས།

    ལུའོ་སའེ་ཕུའུ་ཡིས་འབོ་གསེར་རྒྱལ་ཁབ་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་།ཞིང་ལས་འཕེལ་རྒྱས་ཆེ་བ།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཕེལ་རྒྱས་ཆེན་པོ་འགྲོ་བ།འཛད་སྤྱོད་ཁྲོམ་ར་ཧ་ཅང་ཆེ་བ།འཕེལ་རྒྱས་ཀྱི་མདུན་ལམ་འོད་ཟེར་ལྡན་པ་བཅས་ཡོད།འབོ་གསེར་རྒྱལ་ཁབ་ཀྱིས་ཕུགས་ལ་དམིགས་པ་དང་མཐུན་སྒྲིལ་བྱས་ཏེ་རོགས་ཟླའི་འབྲེལ་བ་ཟབ་ཅིང་བརྟན་པོ་ཞིག་བཙུགས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལེགས་སུ་གཏོང་བ་དང་འཛམ་གླིང་སྣ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་དགོས་ཞེས་བཤད་པ་རེད།

    ཕུའུ་ཅིང་གིས་འབོ་གསེར་རྒྱལ་ཁབ་ཀྱིས་དམ་པ་དོན་གཉེར་གྱི་མཉམ་ལས་ཟབ་ཏུ་དང་ཚོང་དོན་དང་མ་འཇོག་གི་ཆུ་ཚད་མཐོ་རུ་བཏང་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འཇིགས་སྐུལ་རིང་ལུགས་དང་དྲ་རྒྱའི་བདེ་འཇགས་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས།ཕྱི་ལོ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་དེ་ཨུ་རུ་སུར་བྱ་རྒྱུ་ཡིན་པས་ཨུ་རུ་སུ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་མ་གཏོང་འདོད་ཡོད་ཅེས་བཤད་པ་རེད།

    མོ་ཏིས་འབོ་གསེར་རྒྱལ་ཁབ་ཀྱིས་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལེགས་སུ་གཏོང་ཆེད་མགྲིན་གཅིག་ཏུ་རེ་འབོད་བྱས་ནས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱི་ཐོབ་སྐལ་སྒྱུར་བཅོས་ལ་སྐུལ་འདེད་དང་།2015ལོའི་རྗེས་ཀྱི་འཕེལ་རྒྱས་ཀྱི་གྲོས་རིམ་བཟོ་རྒྱུར་སྐུལ་མ་བཏང་ནས་དབུལ་ཕོངས་ཉུང་དུ་གཏོང་དགོས།འབོ་གསེར་རྒྱལ་ཁབ་དབར་སྤྱི་ཚོགས་དང་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་དང་།སློབ་གསོ།ས་གནས་བཅས་ཀྱི་སྤེལ་རེས་ལ་སྐུལ་མ་བཏང་ནས་འབྲེལ་བ་ཟབ་ཏུ་གཏོང་དགོས་ཞེས་བཤད་པ་རེད།

    ཙུའུ་མ་ཡིས་འབོ་གསེར་རྒྱལ་ཁབ་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་དུ་སྤྱོད་པ་དང་ཕྱོགས་མང་རིང་ལུགས་ཐུན་མོང་ཐོག་དར་སྤེལ་བཏང་ནས་ས་ཁུལ་གྱི་གླེང་ཆ་ཆེ་བའི་གནད་དོན་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་མ་གཏོང་བ་དང་ཨ་ཧྥེ་རི་ཁའི་གླིང་ཞི་བདེ་དང་།བདེ་འཇགས།འཕེལ་རྒྱས་བཅས་ཡོང་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་བཤད་པ་རེད།

    རྒྱལ་ཁབ་ལྔའི་འགོ་ཁྲིད་པས་ད་དུང་ཐུན་མོང་ཐོག་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་ཞིང་།ཚང་མས་དབྱི་རག་གི་ཆབ་སྲིད་བར་འདུམ་འཕེལ་རིམ་ལ་རྒྱབ་སྐྱོར་དང་།སི་རི་ཡའི་གནད་དོན་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས།ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞི་བདེའི་བསྐྱར་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་དང་འབྲེལ་དེའི་ནང་ཞུགས་པ།ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གང་མྱུར་དམག་མཚམས་འཇོག་རྒྱུའི་རེ་འབོད།འཛམ་གླིང་དབུས་ཤར་གྱི་ཞི་བདེའི་ཡར་རྒྱས་ལ་སྐུལ་མ་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།

    རྒྱལ་ཁབ་ལྔའི་འགོ་ཁྲིད་པས་འབོ་གསེར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་སྤྱི་ཁྱབ་པུའུ་ཀྲུང་གོའི་ཧྲང་ཧའེ་རུ་འཛུགས་རྒྱུ་དང་འབོ་གསེར་རྒྱལ་ཁབ་ཀྱི་འཕྲལ་སྡོམ་གསོག་འཇོག་བཀོད་སྒྲིག་འཛུགས་རྒྱུའི་གཏན་འབེབས་བྱས་པ་དང་།རྒྱལ་ཁབ་ལྔའི་འགོ་ཁྲིད་པས་ད་དུང་ཐུན་མོང་ཐོག་མཉམ་ལས་གྲོས་མཐུན་མང་པོར་མཚན་རྟགས་བཀོད་པའི་ནང་ཞུགས་པ་རེད།

    ཚོགས་འདུའི་ཐོག《ཕུའུ་ཐ་ལའེ་སའི་བསྒྲགས་གཏམ》སྤེལ་བ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག