
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་མགོ་འཛིན་མཛད་དེ་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་བསྡུས།
ཚོགས་ཐོག་ནས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་གྲོས་རིམ་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གསབ་འདེམ་མིང་ཐོ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། དེང་རབས་སྤྱི་བའི་རིག་གནས་ཞབས་ཕྱིའི་མ་ལག་གསར་སྐྲུན་བྱེད་པའི་ཆེད་དོན་གྲོས་མོལ་ཚོགས་འདུའི་གྲ་སྒྲིག་བྱ་བའི་གནས་ཚུལ་སྐོར་གྱི་ཡར་ཞུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཉིས་སྟོང་བཅུ་བཞི་ལོའི་ལོ་སྟོད་བྱ་བའི་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན།
ཚོགས་ཐོག་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་སྨད་ཀྱི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས་པར་མ་ཟད། མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བཟུང་སྟེ་མི་དམངས་སྲིད་གྲོས་ཀྱི་ལས་དོན་གོང་འཕེལ་གྱི་ལག་ལེན་དང་ཉམས་མྱོང་ལ་ནན་ཏན་སྒོས་སྤྱི་བསྡོམས་བྱེད་པ་དང་། མི་དམངས་སྲིད་གྲོས་དེ་དམངས་གཙོ་གྲོས་མོལ་གྱི་ཐབས་ལམ་གལ་ཆེན་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དམངས་གཙོ་གྲོས་མོལ་དེ་རྒྱ་ཆེ་ཞིང་རིམ་པ་མང་པོའི་ལམ་ལུགས་ཅན་དུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། །