མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་བདེ་པུའུ་ནས་ས་འོག་ལྕགས་ལམ་དང་སྤྱི་སྤྱོད་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོང་ལས་ཀར་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུའི་ལས་དོན་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-18 10:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་ཁུལ་ཉུང་ཤས་ལ་ཉེ་དུས་ནང་སྤྱི་སྤྱོད་རླངས་འཁོར་ནང་མེ་བརྒྱབ་པའི་དོན་རྐྱེན་ཡང་ཡང་ཐོན་ཡོད། སྤྱི་བདེ་པུའུ་ནས་སྤྱི་ཚེས16ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་ཛ་དྲག་བརྙན་མཐོང་གྲོས་ཚོགས་སྐོང་འཚོགས་བྱས་ཏེ། ས་འོག་ལྕགས་ལམ་དང་སྤྱི་སྤྱོད་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོང་ལས་ཀར་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུའི་ལས་དོན་བཀོད་སྒྲིག་བྱས་ཡོད་པ་རེད།

སྤྱི་བདེ་པུའི་པུའུ་ཀྲང་གཞོན་པ་ཧྭང་མིང་གིས་བསྟན་པར། ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་ཟོན་ལས་དོན་བཀོད་སྒྲིག་བྱེད་སྟངས་ལེགས་སྒྲིག་བྱེད་དགོས་པ་དང་། ས་འོག་ལྕགས་ལམ་དང་སྤྱི་སྤྱོད་འགྲིམ་འགྲུལ་གྱི་ཉེན་རྟོག་དང་དམིགས་བསལ་ཉེན་རྟོག སྐོར་ཞིབ་ཉེན་རྟོག་གི་ས་གནས་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག དེ་བཞིན་དྲག་ཆས་ཉེན་རྟོག་སོགས་ཉེན་རྟོག་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ས་འོག་ལྕགས་ལམ་དང་སྤྱི་སྤྱོད་འགྲིམ་འགྲུལ་ལ་དམིགས་སུ་བཀར་ནས་ལོ་རེ་བཞིན་དང་ས་ཚིགས་རེ་རེ་བཞིན་ལ་དྲག་ཆས་སྤྲས་པའམ་ཡང་ན་དཀྱུས་ཆས་སྤྲས་པའི་ཉེན་རྟོག་ལས་རེས་བྱེད་པར་བཏང་ཐོག འབབ་ཚུགས་གཙོ་བོར་མི་དམངས་ཉེན་རྟོག་གིས་གནས་གཏན་འཁེལ་ཐོག་བདེ་འཇགས་རིམ་བཤེར་བྱེད་པ་དང་། དམིགས་བསལ་ཉེན་རྟོག་དྲག་ཆས་ཀྱིས་སྐོར་ཞིབ་ཚོད་འཛིན་བྱེད་པ། དྲག་ཆས་ཉེན་རྟོག་གིས་འགག་སར་སྐོར་གཡེང་བྱེད་པ། མི་དམངས་ཉེན་རྟོག་གིས་དམག་ཁྱི་ཁྲིད་ནས་འབབ་ཚུགས་ནང་སྐོར་ཞིབ་བྱེད་པ་བཅས་ཆ་ལག་བཞི་ཟུང་འབྲེལ་གྱི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཤིག་ཆགས་པ་བྱེད་དགོས་པ། རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་མཉམ་དུ་ས་འོག་ལྕགས་ལམ་དང་སྤྱི་སྤྱོད་འགྲིམ་འགྲུལ་ཚན་པར་བདེ་འཇགས་ཞིབ་བཤེར་གྱི་བྱ་ཐབས་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་འགོག་སྲུང་གི་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ། སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ་ཚང་མར་ཉུང་མཐར་ཡང་བདེ་འཇགས་མི་སྣ་གཅིག་ནས་གཉིས་བར་བཀོད་སྒྲིག་བྱེད་དགོས་པ་མ་ཟད། དགོས་ངེས་ཀྱི་འགོག་སྲུང་གོ་མཚོན་བཀོད་སྒྲིག་བྱས་ཏེ། ལམ་དང་འབབ་ཚུགས་ཚང་མར་ཉེན་ཟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། གསོ་སྦྱོང་སྦྱོང་བརྡར་བྱེད་རྒྱུ་སྒྲིག་འཛུགས་བྱས་ནས་འཁྱེར་མི་ཆོག་པའི་དངོས་རྫས་ངོས་འཛིན་རྒྱུ་དང་། དོགས་ཡོད་གནས་ཚུལ་ཤེས་རྟོགས་དང་སྙན་གསེང་ཞུ་རྒྱུ། སྲོག་ཉེན་ལས་སྐབས་འཕྲལ་ཐར་ཐབས་བྱེད་རྒྱུ་སོགས་གཞི་རྩའི་འཇོན་ནུས་ཆེ་རུ་གཏོང་དགོས་པ། མང་ཚོགས་སྐུལ་སློང་ཧུར་ཐག་བྱས་ནས་འཇིགས་སྐུལ་དང་གཏུམ་སྤྱོད་སོགས་ཁྲིམས་འགལ་ལུགས་འགལ་དང་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་བསགས་ཁུངས་སྣེ་ཐེར་འདོན་བྱེད་དགོས་པ་དང་། རིན་ཐང་ཆེན་པོ་ལྡན་པའི་ཁུངས་སྣེ་མཁོ་འདོན་བྱེད་མཁན་དང་། གྱོད་གཞི་རྩད་ཆོད་ཐུབ་མཁན། ནུས་ཡོད་ངང་ཉེས་འགོག་བཀག་འགོག་བྱེད་མཁན། ཉེས་གསོག་པ་དང་འཐབ་རྩོད་བྱེད་མཁན། ཉེས་གསོག་པ་འཛིན་བཟུང་བྱེད་མཁན་བཅས་ཚང་མར་བྱ་དགའ་ཆེན་པོ་སྤྲོད་པ་དང་གཟེངས་བསྟོད་བྱེད་དགོས་ཞེས་གསུངས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག