མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་བསྟན་དོན།

རྒྱལ་ཡོངས་སུ་བཟའ་ཚང་གཉིས་ལས་ཕྱོགས་གཅིག་བུ་གཅིག་མའི་བཟའ་ཚོ་ཁྲི་27ཙམ་གྱིས་ཕྲུ་གུ་བསྐྱར་མ་སྐྱེ་རྒྱུའི་འདུན་པ་ཞུས་པ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-07-17 18:36

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་10ཉིན་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས“བཟའ་ཚང་གཉིས་ལས་ཕྱོགས་གཅིག་བུ་གཅིག་མ་ཡིན་ན་ཕྲུ་གུ་གཉིས་སྐྱེ་ཆོག་པའི”སྲིད་ཇུས་ལག་ལེན་ཡག་པོ་བསྟར་ཐུབ་པ་བྱུང་སྟེ་ཟླ་5ཚེས་31ཉིན་བར་རྒྱལ་ཡོངས་སུ་ཕྲུ་གུ་བསྐྱར་མ་སྐྱེ་རྒྱུའི་འདུན་པ་ཞུ་མཁན་བཟའ་ཚང་གཉིས་ལས་ཕྱོགས་གཅིག་བུ་གཅིག་མའི་བཟའ་ཚོ་ཁྲི་27.16ཙམ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་འཆར་ལྡན་བུ་བཙའི་གཞི་རིམ་མཛུབ་ཁྲིད་སིའི་སི་ཀྲང་དབྱང་ཝུན་ཀྲོང་གིས་མིག་སྔར་བོད་དང་ཤིན་ཅང་ཕུད་ཞིང་ཆེན་དང་།རང་སྐྱོང་ལྗོངས།གྲོང་ཁྱེར་བཅས་29ཡིས་ཁྲིམས་ལྟར་བཟའ་ཚང་གཉིས་ལས་ཕྱོགས་གཅིག་བུ་གཅིག་མ་ཡིན་ན་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད།དེའི་ནང་ཀྲེ་ཅང་ཞིང་ཆེན་གྱིས་འདི་ལོ་ཟླ་1ཚེས་17ཉིན་ལག་ལེན་བསྟར་འགོ་བཙུགས་པ་དེ་ནི་རྒྱལ་ཡོངས་ནས་ལག་ལེན་བསྟར་སྔ་ཤོས་ཀྱི་ཞིང་ཆེན་དེར་གྱུར་པ་དང་ལག་ལེན་ཕྱི་ཤོས་བསྟར་མཁན་ནི་ཧོ་ནན་ཞིང་ཆེན་རེད།བསྡོམས་རྩིས་ལ་གཞིགས་ན།ཟླ་5ཚེས་31ཉིན་བར་རྒྱལ་ཡོངས་སུ་ཕྲུ་གུ་བསྐྱར་མ་སྐྱེ་རྒྱུའི་འདུན་པ་ཞུ་མཁན་བཟའ་ཚང་གཉིས་ལས་ཕྱོགས་གཅིག་བུ་གཅིག་མའི་བཟའ་ཚོ་ཁྲི་27.16ཟིན་པ་དང་དེའི་ཁྲོད་ནས་ཁྲི་24.13ལ་ཆོག་མཆན་སྤྲད་ཡོད་ཅེས་བརྗོད་པ་རེད།རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་བསྡོམས་རྩིས་ལ་གཞིགས་ན།མིག་སྔར་རང་རྒྱལ་དུ་བཟའ་ཚང་གཉིས་ལས་ཕྱོགས་གཅིག་བུ་གཅིག་མ་ཡིན་ན་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ཀྱི་ཆ་རྐྱེན་དང་མཐུན་པའི་བཟའ་ཚོ་ཁྱོན་ཁྲི་1100ལྷག་ཙམ་ཡོད་པ་མ་ཟད་མུ་མཐུད་མང་དུ་འགྲོ་རྒྱུ་རེད།2013ལོར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་།རང་སྐྱོང་ལྗོངས།གྲོང་ཁྱེར་བཅས་ཀྱི་བུ་བཙའི་འདོད་འདུན་བརྟག་དཔྱད་ལས་ཁྱིམ་ཚང་80%ཙམ་གྱིས་ཕྲུ་གུ་གཉིས་སྐྱེ་རྒྱུའི་རེ་བ་བྱེད་པ་མངོན་ཡོད་ཅིང་།ད་ཆ་ཕྲུ་གུ་གཅིག་ཡོད་པའི་བུ་གཅིག་མའི་ཁྱིམ་ཚང་ཁྲོད་ཕྲུ་གུ་གཉིས་པ་སྐྱེ་རྒྱུའི་རེ་བ་བྱེད་མཁན་60%ཙམ་ཡོད་པ་རེད།དབྱང་ཝུན་ཀྲོང་གིས་དེ་དང་ཆབས་ཅིག་ཉེ་དུས་ཕྲུ་གུ་དམར་འབྱར་སྐྱེ་བའི་རླབས་རྒྱུན་ཞིག་འཕྱུར་མི་སྲིད་ཀྱང་བུ་བཙའི་མི་འབོར་གྱི་གྲངས་ཚད་ཇེ་མང་དུ་འགྲོ་རྒྱུ་དང་ལྷག་པར་དུ་གྲོང་ཁྱེར་ཆེ་འབྲིང་དུ་མ་བུའི་ཐོན་ཁུངས་ཁ་ཐང་ཙམ་ཡོད།དེར་བརྟེན་བཟའ་ཚང་གཉིས་ལས་ཕྱོགས་གཅིག་བུ་གཅིག་མ་ཡིན་ན་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལག་ལེན་བསྟར་རྗེས་མ་བུའི་བདེ་ཐང་ཞབས་ཞུའི་གྲངས་ཚད་དང་།སྤུས་ཚད།ཞབས་ཞུའི་ཐོན་ཁུངས་བཅས་བཀོད་སྒྲིག་ནུས་ལྡན་བྱ་རྒྱུར་འགྲན་སློང་འཕྲད་རྒྱུ་རེད་ཅེས་བརྗོད་པ་རེད།

    ཉེ་ཆར་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས《དུས་བབ་གསར་པའི་འོག་མ་བུའི་བདེ་ཐང་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་ཏེ་ས་གནས་ཁག་ལ་བཟའ་ཚང་གཉིས་ལས་ཕྱོགས་གཅིག་བུ་གཅིག་མ་ཡིན་ན་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་བདེ་བླག་ངང་ལག་ལེན་བསྟར་ཐུབ་པའི་འགན་ལེན་ཧུར་ཐག་བྱས་ནས་མ་བུ་བདེ་ཐང་གི་ཞབས་ཞུའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།དབྱང་ཝུན་ཀྲོང་གིས་རང་རྒྱལ་གྱིས་ད་དུང་བུ་བཙའི་མི་འབོར་གྱི་རིམ་དབྱེའི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡ་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྲིད་ཇུས་གལ་ཆེན་གྱིས་མི་འབོར་ལ་ཤུགས་རྐྱེན་ཐེབས་པར་ཚོད་སྐོར་བྱེད་པའི་ལམ་སྲོལ་ཞིབ་འཇུག་བྱས་ནས་བཟོ་རྒྱུ་རེད།མི་འབོར་གྱི་ཉེན་ཟོན་ཉེན་བརྡའི་ཐབས་ལམ་ཞིབ་འཇུག་བཀོད་སྒྲིག་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྲིད་ཇུས་གལ་ཆེན་གྱིས་མི་འབོར་ལ་ཤུགས་རྐྱེན་ཐེབས་པར་ཚོད་སྐོར་བྱེད་པའི་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ།ཚེས་10ཉིན་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་འཆར་ལྡན་བུ་བཙའི་གཞི་རིམ་མཛུབ་ཁྲིད་སིའི་སི་ཀྲང་དབྱང་ཝུན་ཀྲོང་གིས་པེ་ཅིང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་མི་འབོར་འཕེལ་རྒྱས་འགྲོ་ཚུལ་དང་།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཐོན་ཁུངས་སྲུང་སྐྱོང་།ཁོར་ཡུག་བེད་སྤྱོད་སོགས་ཐད་འགྱུར་ལྡོག་འགྲོ་བ་དང་བསྟུན་བུ་བཙའི་སྲིད་ཇུས་ལ་ལེགས་སྒྲིག་བྱེད་སྲིད།འོན་ཀྱང་རང་རྒྱལ་གྱི་མི་འབོར་མང་བའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་མིག་སྔར་འགྱུར་ལྡོག་འགྲོ་མི་སྲིད་ལ་ཡོངས་ཁྱབ་ཏུ་ཕྲུ་གུ་གཉིས་བཙའི་སྲིད་ཇུས་ལག་ལེན་བསྟར་བའི་དུས་ཚོད་ཀྱང་གཏན་འཁེལ་མེད་ཅེས་བརྗོད་པ་རེད།

    དབྱང་ཝུན་ཀྲོང་གིས་དུས་རབས་འདིར་སླེབས་ཚུན་རང་རྒྱལ་གྱི་མི་འབོར་གནས་ཚུལ་ལ་ཁ་ཕྱོགས་བསྒྱུར་བའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།འོན་ཀྱང་རང་རྒྱལ་གྱི་མི་འབོར་མང་བའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་མིག་སྔར་ད་དུང་འགྱུར་ལྡོག་འགྲོ་མི་སྲིད་པ་དང་།མི་འབོར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་གནོན་ཤུགས་ཆེན་པོ་བཟོ་བ་འགྱུར་ལྡོག་འགྲོ་མི་སྲིད་པ།མི་འབོར་དང་ཐོན་ཁུངས་ཁོར་ཡུག་དབར་གྱི་ཛ་དྲག་འབྲེལ་བ་ད་དུང་འགྱུར་ལྡོག་འགྲོ་མི་སྲིད་པ་བཅས་ཡིན་པར་བརྟེན་མུ་མཐུད་དེ་གཞི་རྩའི་རྒྱལ་ཇུས་ཡིན་པའི་འཆར་ལྡན་བུ་བཙའི་སྲིད་ཇུས་མཐའ་འཁྱོངས་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།ཁོང་གིས་གོམ་སྟབས་རྗེས་མའི་མི་འབོར་སྲིད་ཇུས་དང་འཆར་ལྡན་བཙའི་ལས་དོན་ཐད“བཟའ་ཚང་གཉིས་ལས་ཕྱོགས་གཅིག་བུ་གཅིག་མ་ཡིན་ན་ཕྲུ་གུ་གཉིས་སྐྱེ་ཆོག་པའི”སྲིད་ཇུས་བརྟན་པོའི་ངང་རིམ་བཞིན་དོན་འཁྱོལ་ཡག་པོ་ཡོང་བ་བྱེད་དགོས།རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་འགྲོ་ཚུལ་གྱི་འགྱུར་ལྡོག་དང་།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་འགྱུར་ལྡོགརྒྱལ་ཁབ་ཀྱི་ཐོན་ཁུངས་ཁོར་ཡུག་ཐད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་བཅས་དང་བསྟུན་མི་འབོར་འཕེལ་རྒྱས་དང་བུ་བཙའི་སྲིད་ཇུས་ཐད་ལའང་ལེགས་སྒྲིག་བྱེད་སྲིད་ཅེས་བརྗོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག