ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་དྲུག་ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་གྱི་ལྟ་རྟོག་ཞིབ་བཤེར་གནས་ཚུལ་ཡར་ཞུ་ལ་ཉན་པར་མ་ཟད་་དངོས་འབེབས་དང་དག་ཐེར་ལེགས་སྒྱུར་བྱ་བ་དམ་འཛིན་བྱེད་པར་བཀོད་སྒྲིག་བྱས།
ཚོགས་ཐོག་ནས་བསྟན་དོན། ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་རྟོག་ཞིབ་བཤེར་ཚན་ཁག་བརྒྱད་མངགས་ཏེ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་རང་ཉིད་ལ་ཞིབ་བཤེར་བྱེད་པའི་རྨང་གཞིའི་སྟེང་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བཅུ་དྲུག་དང་ལས་ཁུངས་ཉེར་བདུན་བཅས་ལ་ལྟ་རྟོག་ཞིབ་བཤེར་བྱས། སྤྱིར་བཏང་དུ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་སྲིད་ཇུས་ལག་བསྟར་གྱི་གྲུབ་འབྲས་དེ་རིམ་བཞིན་མངོན་གསལ་ཡིན་ལ། འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་གྲུབ་ཚུལ་ལེགས་སྒྲིག་དང་དམངས་འཚོ་ལེགས་བཅོས་བྱེད་པ་བཅས་ཀྱི་ཐད་ལ་ནུས་པ་ཆེན་པོ་བཏོན་ཡོད། ཡིན་ནའང་ལྟ་རྟོག་ཞིབ་བཤེར་བྱས་པ་བརྒྱུད་ནས་གནད་དོན་ཁ་ཤས་གནས་ཡོད་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ངེས་པར་དུ་སྤོབས་པ་ཆེན་པོའི་སྒོ་ནས་མི་ལེགས་པའི་སྤྱོད་ངན་སྣ་ཚོགས་ལེགས་སྒྱུར་བྱེད་དགོས་ཟེར།
ཚོགས་ཐོག་ནས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་རྒྱུན་ལྡན་ཅན་གྱི་ལྟ་རྟོག་ཞིབ་བཤེར་ནང་རྐྱེན་བཙུགས་ཏེ། གོང་འོག་འབྲེལ་འདྲིས་དང་བྱ་བའི་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ཕྱོགས་གསུམ་པའི་དཔྱད་འཇོག་ལམ་ལུགས་བཙུགས་ནས་སྤྱི་ཚོགས་ཀྱི་དཔྱད་བསྡུར་དང་ལྟ་རྟོག་དང་ལེན་བྱེད་དགོས། རྩད་ཆོད་པའི་གནད་དོན་ཅིས་ཀྱང་ཐག་གཅོད་དང་ལེགས་སྒྱུར་བྱེད་དགོས་པ་དང་། ས་གནས་འཕྲད་པའི་དཀའ་ཁག་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ཞབས་ཕྱི་བཟང་བོ་བསྒྲུབ་པ་དང་རོགས་རམ་བྱས་ནས་ཐག་གཅོད་དགོས་པར་མ་ཟད། ཕྱིན་ཆད་ཀྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས་ཟེར། །