མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་པ་ཞི་ལི་ཡར་ཕེབས་ཏེ་པ་ཞི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས་པར་མ་ཟད་ཀྲུང་གོ་དང་ལ་ཏིན་མེ་གླིང་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ལ་ཞུགས་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-17 10:40

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་པ་ཞི་ལི་ཡར་ཕེབས་ཏེ། པ་ཞི་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས་པར་མ་ཟད་ཀྲུང་གོ་དང་ལ་ཏིན་མེ་གླིང་དང་། ཅ་ལི་པིས་རྒྱ་མཚོའི་ས་ཁུལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ལ་ཞུགས་རྒྱུ་རེད།

ས་དེའི་དུས་ཚོད་ཚེས་བཅོ་ལྔ་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་བཞི་བཅུ་ཡས་མས་སུ། ཞི་ཅིན་ཕེན་བཞུགས་པའི་ཆེད་བཏང་གནམ་གྲུ་པ་ཞི་ལི་ཡའི་མཁའ་དམག་རྟེན་གཞིར་བསླེབས། པ་ཞིའི་ཕྱི་འབྲེལ་པུའུ་ཡི་མཐོ་རིམ་དཔོན་པོ་གནམ་གྲུ་ཐང་དུ་སོང་སྟེ་ཞི་ཅིན་ཕེན་སོགས་ལ་བསུ་བ་ཞུས།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་པ་ཞི་རྒྱལ་ཁབ་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན། ལོ་བཞི་བཅུའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་གྲུབ་འབྲས་གཡུར་ཟ་བ་ཐོབ་པ་དང་། ཕྱོགས་གཉིས་ཀྱི་འཕེལ་རྒྱས་མཉམ་དུ་ཟུང་འབྲེལ་དམ་པོ་བྱས་ཡོད། ངས་པ་ཞིའི་མགོ་ཁྲིད་པ་དང་ལས་རིགས་ཁག་གི་མི་སྣ་དང་ཡོངས་ཁྱབ་ཏུ་འབྲེལ་འདྲིས་བྱས་ནས། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་པ་ཞིའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མྱུར་དུ་འཕེལ་རྒྱས་སུ་གཏོང་རྒྱུར་རེ་སྒུག་བྱས་ཡོད་ཟེར།  

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ལ་ཏིན་མེ་གླིང་དང་། ཅ་ལི་པིས་རྒྱ་མཚོའི་ས་ཁུལ་རྒྱལ་ཁབ་ཚང་མ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན། ཀྲུང་གོས་དུས་དང་རྣམ་པ་ཀུན་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཕྱོགས་ནས་ཀྲུང་གོ་དང་ལ་ཏིན་མེ་གླིང་བར་གྱི་འབྲེལ་བར་ལྟ་སྟངས་འཛིན་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ལ་ཏིན་མེ་གླིང་གི་རྒྱལ་ཁབ་བར་གྱི་མགོ་ཁྲིད་པའི་ཐུག་འཕྲད་སྤེལ་བའི་གྲོས་གཞི་བཏོན་པའི་དམིགས་ཡུལ་ནི་ཀྲུང་གོ་དང་ལ་ཏིས་མེ་གླིང་བར་གྱི་འབྲེལ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། ཕྱོགས་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ལ་ཏིས་མེ་གླིང་བར་གྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ཟེར།

ཞི་ཅིན་ཕེན་ནི་ཧྥུའུ་ཐ་ལེ་ས་ནས་གསེར་ལྡན་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་དྲུག་པར་ཞུགས་རྗེས་པ་ཞི་ལི་ཡར་ཕེབས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག