ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་པ་ཞི་ཧྥུའུ་ཐ་ལེ་ས་ནས་ཁ་ཆད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མཱ་དང་ཁ་པར་བཏང་།
ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཕྱོགས་ནས་ཨ་མེ་རི་ཁིའི་བར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་། ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀྱི་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་མོའི་འབྲེལ་བ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད། དུས་རིམ་རྗེས་མར་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་བབ་བསྟུན་མདུན་སྐྱོད་བྱས་ནས། ཕྱོགས་གཉིས་བར་གྱི་དངུལ་གཏོང་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་དང་། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཐད་ནས་མཐུན་སྦྱོར་དང་མཉམ་ལས་བྱེད་པར་ཤུགས་སྣོན་དགོས་པར་མ་ཟད། ཕན་ཚུན་བར་བརྩི་འཇོག་བྱེད་པ་དང་འཛུགས་སྐྲུན་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་འགལ་བ་ཐག་གཅོད་བཟང་བོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ནམ་ཡང་འཕེལ་རྒྱས་བཟང་བོ་འབྱུང་བར་ཁག་ཐེག་བྱེད་དགོས་ཟེར།
ཨོ་པ་མཱ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྣམ་པ་གསར་བའི་རྒྱལ་ཁབ་ཆེན་མོའི་འབྲེལ་བ་ཧུར་ཐག་སྒོས་འཛུགས་སྐྲུན་བྱས་ནས། དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ་དང་། འཛུགས་སྐྲུན་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་འགལ་བ་ཐག་གཅོད་བྱས་ནས། མཉམ་ལས་བྱེད་རྒྱུ་དེ་རྒྱལ་ཁབ་གཉིས་ཀྱི་འཕེལ་ཕྱོགས་གཙོ་བོར་བསྒྱུར་དགོས། ཨ་མེ་རི་ཁ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། ནམ་ཟླའི་འགྱུར་ལྡོག་སོགས་ཁྱབ་ཁོངས་དང་འབྲེལ་ཡོད་ས་ཁུལ་གྱི་གནད་དོན་གཙོ་བོའི་ཐད་ཀྱི་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར།
རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་དེང་སྐབས་ཀྱི་དབྱི་ལིང་གི་ཉིང་རྡུལ་གནད་དོན་གྱི་གནས་བབ་ཐད་ནས་དགོངས་འཆར་བརྗེ་རེས་མཛད།
ཕྱོགས་གཉིས་ཀྱིས་ད་རུང་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་སོགས་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད། །