མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་ལ་ཏིན་མེ་གླིང་གི་རྒྱལ་ཁབ་བཞིའི་གསར་འགྱུར་ལས་ཁུངས་ཀྱི་མཉམ་འབྲེལ་བཅར་འདྲི་དང་ལེན་མཛད།

རྩོམ་པ་པོ། ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-15 10:41

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསེར་ལྡན་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ཐེངས་དྲུག་པར་ཞུགས་པ་དང་། པ་ཞི་དང་ཨ་ཀུན་ཐིན། ཝེ་ནེ་ཙུའེ་ལ། ཁུ་པ་བཅས་རྒྱལ་ཁབ་བཞིར་རྒྱལ་དོན་འཚམས་འདྲི་བྱེད་རྒྱུར་མ་ཟད། ཀྲུང་གོ་དང་ལ་ཏིན་མེ་གླིང་དང་ཅ་ལི་པིས་རྒྱ་མཚོའི་ས་ཁུལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཐུག་འཕྲད་ལ་ཞུགས་པར་ཕེབས་པའི་སྔོན་དག་དག་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་པ་ཞིའི་དཔལ་འབྱོར་རིན་ཐང་ཚགས་པར་དང་། ཨ་ཀུན་ཐིན་གྱི་རྒྱལ་དམངས་ཚགས་པར། ཝེ་ནེ་ཙུའེ་ལའི་རྒྱལ་ཁབ་འཕྲིན་གཏོང་ཁང་། ཁུ་པའི་ལ་ཏིན་མེ་གླིང་འཕྲིན་གཏོང་ཁང་བཅས་ཀྱི་མཉམ་འབྲེལ་བཅར་འདྲི་དང་ལེན་མཛད།

གསེར་ལྡན་རྒྱལ་ཁབ་བར་གྱི་མཉམ་ལས་ཐད་ནས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། གསེར་ལྡན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་འཇགས། མཐུན་སྦྱོར་མཉམ་ལས། མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་ནི་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་རྒྱལ་བཅས་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་ཞིང་། འཛམ་གླིང་གི་དཔལ་འབྱོར་སྔར་ལས་དོ་མཉམ་པ་དང་འཛམ་གླིང་བཅོས་སྐྱོང་སྔར་ལས་ཕན་ནུས་ལྡན་པ། རྒྱལ་སྤྱིའི་འབྲེལ་བ་སྔར་ལས་དམངས་གཙོ་ཅན་དུ་བསྒྱུར་བར་ཕན་པ་ཡོད་ཟེར།

ཀྲུང་གོ་དང་པ་ཞིའི་བར་གྱི་འབྲེལ་བའི་ཐད་ནས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ཕྱོགས་དང་མཉམ་དུ་མཉམ་ལས་ཀྱི་ཁྱབ་ཁོངས་གསར་བ་མུ་མཐུད་དུ་གསར་གཏོད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཀྲུང་གོ་དང་ཨ་ཀུན་ཐིན་བར་གྱི་འབྲེལ་བའི་ཐད་ནས་ཞི་ཅིན་ཕེན་གྱིས་ཙུང་ཐུང་ཁི་ལིས་སི་ཏིས་ན་དང་ཀྲུང་གོ་དང་ཨ་ཀུན་ཐིན་བར་གྱི་འབྲེལ་བ་དང་། ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ལ་དགོངས་འཆར་བརྗེ་རེས་ཟབ་མོ་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།

ཀྲུང་གོ་དང་ཝེ་ནེ་ཙུའེ་ལའི་བར་གྱི་འབྲེལ་བའི་ཐད་ནས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བ་དང་བསྟུན་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཀྲུང་གོ་དང་ཁུ་པའི་བར་གྱི་འབྲེལ་བའི་ཐད་ནས་ཞི་ཅིན་ཕེན་གྱིས་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཆུ་ཚད་མཐོ་བའི་ཆབ་སྲིད་འབྲེལ་བ་དེ་དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་སུ་བསྒྱུར་བར་ཡིད་ཆེས་ཡོད་ཟེར།

ཞི་ཅིན་ཕེན་གྱིས་ཀྲུང་གོའི་བཅོས་བསྒྱུར་འཕེལ་རྒྱས་དང་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་འབེན། ཀྲུང་གོའི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ནུས་པ་བཟང་བོ་བཅས་མཚམས་སྦྱོར་མཛད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག