ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ལས་ཁུངས་བྱ་དོན་དོ་དམ་ཅུས་དང་། ནོར་སྲིད་པུའུ། ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རྒྱལ་ཁབ་གོང་འཕེལ་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྤྱི་ཚེས་13ཉིན་སྲིད་གཞུང་ལས་ཁུངས་དང་སྤྱི་པའི་ལས་ཁུངས་ཀྱིས་ནུས་ཁུངས་གསར་པའི་རླངས་འཁོར་ཉོ་སྒྲུབ་བྱ་རྒྱུའི་ལག་བསྟར་ཇུས་གཞི་ཞེས་པ་ཡོངས་བསྒྲགས་བྱས་པ་དང་། སྲིད་གཞུང་ལས་ཁུངས་དང་སྤྱི་པའི་ལས་ཁུངས་ཀྱི་གཞུང་དོན་རླངས་འཁོར་ཐད་ནུས་ཁུངས་གསར་པ་ཅན་བེད་སྤྱོད་གཏོང་རྒྱུའི་དུས་ཚོད་རེའུ་མིག་དང་འཆར་གཞི་ཁ་གསལ་བཏོན་ཡོད་པ་རེད། ཇུས་གཞིའི་ནང་ནུས་ཁུངས་གསར་པའི་རླངས་འཁོར་ཉོ་སྒྲུབ་བྱ་རྒྱུའི་དུས་ཚོད་རེའུ་མིག་ཁ་གསལ་བཏོན་ཡོད་པ་དང་། དེ་ཡང་སྤྱི་ལོ་2014ལོ་ནས་2016ལོ་བར། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་དེ་བཞིན་ནུས་ཁུངས་གསར་པའི་རླངས་འཁོར་ཁྱབ་གདལ་བཀོལ་སྤྱོད་བྱ་རྒྱུའི་གྲོང་ཁྱེར་ནང་བཅུག་པའི་སྲིད་གཞུང་ལས་ཁུངས་དང་སྤྱི་པའི་ལས་ཁུངས་ཀྱིས་ཉོ་སྒྲུབ་བྱེད་པའི་ནུས་ཁུངས་གསར་པའི་རླངས་འཁོར་གྱིས་ལོ་དེ་རང་གི་སྒྲིག་ཆས་གསར་པ་ཉོ་བའི་སྤྱི་འབོར་ནང་བཟུང་བའི་བསྡུར་ཚད་བརྒྱ་ཆ་༣༠ལས་མི་དམའ་བ་བྱ་རྒྱུ་ཡིན་པ་བསྟན་ཡོད་པ་རེད། དེ་རྗེས་ལོ་རེ་བཞིན་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
གཞན་ཡང་ཇུས་གཞིའི་ནང་ཞིང་ལྗོངས་དང་གྲོང་ཁྱེར་ཁག་གི་སྲིད་གཞུང་ལས་ཁུངས་དང་སྤྱི་པའི་ལས་ཁུངས་གཞན་དག་གིས་ལོ་འདི་དག་ནང་ནུས་ཁུངས་གསར་པའི་རླངས་འཁོར་ཉོ་བའི་བསྡུར་ཚད་གཏན་འབེབས་བྱས་ཡོད་པ་དང་། ལྷག་པར་དུ་སྤྱི་ལོ་2014ལོར་པེ་ཅིང་དང་ཐན་ཅིན། ཧོ་པེ། འབྲི་ཆུའི་ཟུར་གསུམ་གླིང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་བཅས་རྡུལ་ཕྲན་ཕྲ་རབ་བཅོས་སྐྱོང་ལས་འགན་ཅུང་ལྕི་བའི་ས་ཁོངས་ཀྱི་སྲིད་གཞུང་ལས་ཁུངས་དང་སྤྱི་པའི་ལས་ཁུངས་ཀྱིས་ཉོ་སྒྲུབ་བྱེད་པའི་བསྡུར་ཚད་ལོ་དེ་གའི་བརྒྱ་ཆ་15ལས་མི་དམའ་བ་བྱ་རྒྱུ་ཡིན་པ་བསྟན་ཡོད་པ་རེད། །