མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིས་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་དང་ནོར་སྲིད་པུའུ་ཀྲང་དང་མཇལ་འཛོམས་གནང་བ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-07-13 11:36

    ཟླ་7ཚེས་10ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རང་རྒྱལ་དུ་ཕེབས་ནས་རེས་སྐོར་དྲུག་པའི་ཀྲུང་ཨའི་འཐབ་ཇུས་དང་དཔལ་འབྱོར་སྐོར་གྱི་སྐད་ཆ་ཤོད་རེས་དང་རེས་སྐོར་ལྔ་པའི་ཀྲུང་ཨའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་མཐོ་རིམ་གྲོས་མོལ་ནང་ཞུགས་མཁན་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལི་དང་ནོར་སྲིད་པུའུ་ཀྲང་ཡ་ཀེ་པུའུ·ལུའུ་སོགས་ཨ་རི་ཕྱོགས་ཀྱི་སྐུ་ཚབ་ཚོགས་པའི་ཁོངས་མི་གཙོ་བོ་དང་མཇལ་འཛོམས་གནང་བ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་10ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་རེས་སྐོར་དྲུག་པའི་ཀྲུང་ཨའི་འཐབ་ཇུས་དང་དཔལ་འབྱོར་སྐོར་གྱི་སྐད་ཆ་ཤོད་རེས་དང་རེས་སྐོར་ལྔ་པའི་ཀྲུང་ཨའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་མཐོ་རིམ་གྲོས་མོལ་ལ་ཕེབས་པའི་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལི་དང་ནོར་སྲིད་པུའུ་ཀྲང་ཡ་ཀེ་པུའུ·ལུའུ་སོགས་ཨ་རི་ཕྱོགས་ཀྱི་འཐུས་མི་ཚོགས་པའི་ཁོངས་མི་གཙོ་བོ་དང་མཇལ་འཛོམས་གནང་བ་རེད།

    ཞིས་ཅིན་ཕིང་གིས་རེས་སྐོར་དྲུག་པའི་ཀྲུང་ཨའི་འཐབ་ཇུས་དང་དཔལ་འབྱོར་སྐོར་གྱི་སྐད་ཆ་ཤོད་རེས་དང་རེས་སྐོར་ལྔ་པའི་ཀྲུང་ཨའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་མཐོ་རིམ་གྲོས་མོལ་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ནས་ཀྲུང་ཨའི་འབྲེལ་བ་ལེགས་སུ་དང་འཕེལ་རྒྱས་གཏོང་བའི་ཆ་འཕྲིན་གལ་ཆེན་མངོན་ཡོད།རང་ཉིད་ཀྱིས་ཕྱོགས་གཉིས་ཀྱི་ཚོགས་པའི་དཀའ་སྤྱད་འབད་བརྩོན་ལ་བསྔགས་བརྗོད་བྱ་རྒྱུ་ཡིན།ཕྱོགས་གཉིས་ཀྱིས་གྲུབ་འབྲས་དེ་དག་དོན་འཁྱོལ་ཡག་པོ་བྱེད་པ་དང་།དེ་ནས་དགེ་མཚན་ལྡན་པའི་ཕན་འབྲས་མགྱོགས་མྱུར་ཐོན་པ་བྱས་ཏེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔ་ཙམ་ཕན་པ་ཐོབ་རྒྱུའི་རེ་བ་ཡོད།ཕྱོགས་གཉིས་ཀྱིས་གཤམ་གསལ་གྱི་ལས་དོན་ཁག་གཙོ་གནད་ཐོག་ཡག་པོ་བསྒྲུབ་དགོས་པ་སྟེ།གཅིག་ནས་འབྲེལ་བ་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས།རང་ཉིད་ཀྱིས་ཙུང་ཐུང་ཨོ་པ་མ་འདི་ལོའི་ཟླ་བ་བཅུ་གཅིག་པར་པེ་ཅིང་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་ཀྱི་དངོས་གཞི་མིན་པའི་གྲོས་ཚོགས་ལ་ཞུགས་པ་དང་འབྲེལ་ཀྲུང་གོར་འཚམས་འདྲི་གནང་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན་ལ་འཕྲིན་གཏོང་དང་ཁ་པར་སོགས་ལ་བརྟེན་ནས་ཁོང་དང་རྒྱུན་དུ་འབྲེལ་བ་བྱས་ཏེ་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་དུས་ཐོག་ཏུ་བསམ་འཆར་བརྗེ་རེས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་འདོད་ཀྱང་ཡོད།ཕྱོགས་གཉིས་ཀྱིས་ད་དུང་ཁྱབ་ཁོངས་གཞན་དག་གི་སྐད་ཆ་ཤོད་རེས་དང་འགྲོ་འོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་།གཉིས་ནས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས།ང་ཚོས་དོན་དག་ཁག་གཅིག་ཏན་ཏན་ཏིག་ཏིག་ངང་བསྒྲུབ་དགོས་པ་སྟེ།ཕྱོགས་གཉིས་ཀྱིས་མ་འཇོག་གྲོས་ཆོད་ལ་གྲོས་མོལ་བྱེད་མགྱོགས་སུ་གཏོང་བ་དང་།དམག་དཔུང་གཉིས་ཀྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ།གནམ་གཤིས་འགྱུར་ལྡོག་དང་གནོད་མེད་འཕེལ་རྒྱས་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་ཐུན་མོང་གི་ངོས་འཛིན་དང་གྲོས་ཆོད་ཆགས་རྒྱུའི་བརྩོན་ལེན་བྱེད་པ།ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐད་འབྲེལ་བ་དང་མཐུན་སྦྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།ཕྱོགས་གཞན་དག་དང་མཉམ་དུ་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས།གསུམ་ནས་རྙོག་དྲ་ཉུང་དུ་གཏོང་དགོས།ཕྱོགས་གཉིས་ཀྱིས་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དང་།མཐུན་པ་ཡོང་ཐབས་དང་མི་མཐུན་པ་སེལ་དགོས།རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་དྲང་ནུས་བསྣན་རྒྱུར་ཕན་པའི་རིགས་ཡིན་ཕྱིན་ཚང་མར་ཤུགས་སྣོན་རྒྱག་དགོས་པ་དང་།དེ་ལས་ལྡོག་ཚེ་སེལ་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད།

    ཞིས་ཅིན་ཕིང་གིས་ཀྲུང་ཨ་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་35ཡི་རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་པ་དང་།ཉམས་མྱོང་དང་བསླབ་བྱ་ཧ་ཅང་རྩ་ཆེན་ཡིན་པས་དྲན་གསོ་དང་བསྡུ་ལེན་བྱེད་རིན་ཆེན་པོ་ཡོད།ཀྲུང་ཨ་ཕྱོགས་གཉིས་ཀྱིས་གདོང་ཐུག་དང་ཁ་གཏད་དུ་མི་ལངས་པ་དང་།ཕན་ཚུན་བརྩི་འཇོགམཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་འཛུགས་པའི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་ཀྱིས་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ་དང་།ཁེ་ཕན་གྱི་འབྲེལ་གཞི་རྒྱ་ཆེར་གཏོང་བ།མི་མཐུན་སར་དོ་དམ་ཚོད་འཛིན་བྱེད་པ་བཅས་བྱས་ཏེ་ཀྲུང་ཨའི་འབྲེལ་བ་ཡང་དག་པའི་ལམ་བུའི་ཐོག་མུ་མཐུད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཁེ་ལི་དང་ཡ་ཀེ་པུའུ·ལུའུ་ཡིས་ཉིན་གཉིས་རིང་ང་ཚོ་དང་ཀྲུང་གོ་ཕྱོགས་ཀྱི་ལས་རོགས་དབར་གྲུབ་འབྲས་ཀྱིས་ཕྱུག་པའི་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་ཡོད།ཙུང་ཐུང་ཨོ་པ་མས་སྟོབས་ཆེན་དང་།དར་རྒྱས།བརྟན་ལྷིང་བཅས་ཀྱི་ཀྲུང་གོ་ཞིག་ཡོང་བར་དགའ་བསུ་ཞུ་བ་དང་འབྲེལ་དེ་དག་མཐོང་འདོད་གནང་གི་ཡོད།ཨ་རི་ཕྱོགས་ལ་ཀྲུང་གོར་བཀག་འགོག་བྱེད་སེམས་གཏན་ནས་མེད་ལ་ཀྲུང་གོ་དང་ཁ་གཏད་དུ་ལངས་པ་དང་གདོང་ཐུག་བྱེད་སེམས་ཀྱང་མེད།ཨ་རི་ཕྱོགས་ཀྱིས་ཀྲུང་གོས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་ཕྱིན་པ་དེ་ཨ་རིར་ཕན་པ་ཡོད།ཨ་རི་ཕྱོགས་ཀྱིས་ཨ་ཀྲུང་འབྲེལ་བར་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུའི་རེ་བ་བྱེད་པ་དང་ཀྲུང་གོ་ཕྱོགས་དང་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་བརྒྱབ་སྟེ་སྔ་ས་ནས་གྲོས་མཐུན་བྱུང་བའི་ཕྱོགས་གཉིས་ཀྱི་མ་འཇོག་གྲོས་ཆོད་ཀྱི་དམིགས་ཚད་ལ་ཕྱོགས་ནས་འབད་བརྩོན་ཧུར་ཐག་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་འདོད་ཡོད།ཨ་ཀྲུང་ཕྱོགས་གཉིས་ཀྱིས་ད་དུང་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་རབ་དང་རིམ་པར་ཐུན་མོང་ཐོག་ཁ་གཏད་བཅག་ནས་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་འཛམ་གླིང་གི་བདེ་འཇགས་དང་།བརྟན་ལྷིང་།དར་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས།ཙུང་ཐུང་ཨོ་པ་མས་བསྐྱར་དུ་པེ་ཅིང་དུ་འཚམས་འདྲི་གནང་བ་དང་འབྲེལ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་ཀྱི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་རྒྱུའི་རེ་བ་ཧ་ཅང་ཆེན་པོ་གནང་གི་ཡོད་ཅེས་བཤད་པ་རེད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་།རྒྱལ་དོན་ཨུ་ཡོན་ཡང་ཅེ་ཁྲེ་སོགས་མཇལ་འཛོམས་ནང་ཞུགས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག