ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐྱེ་ཁམས་དཔལ་ཡོན་ཀོས་ཡང་རྒྱལ་སྤྱིའི་གླེང་སྟེགས་ཀྱི་ཉིས་སྟོང་བཅུ་བཞི་ལོའི་ལོ་ཚོགས་ཚེས་བཅུ་གཅིག་ཉིན་ཀོས་ཡང་གྲོང་ཁྱེར་ནས་ཚོགས་མགོ་བརྩམས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
ལིས་ཁི་ཆང་གིས་ཀྲུང་གོ་སྲིད་གཞུང་གི་ཚབ་མཛད་དེ་ལོ་ཚོགས་བདེ་བླག་ངང་ཚོགས་པར་རྟེན་འབྲེལ་ཞུས། ཁོང་གིས་གསུངས་རྒྱུར། ཀྲུང་གོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་རྒྱལ་ཁབ་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གོ་གནས་གལ་ཆེན་དུ་བཞག་སྟེ་འཕེལ་རྒྱས་ཁྲོད་དུ་སྲུང་སྐྱོབ་དང་སྲུང་སྐྱོབ་ཁྲོད་དུ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་ནང་རྐྱེན་འཐུས་ཚང་དུ་བཏང་ནས། མཁའ་དབུགས་དང་ཆུ། ས་ཞིང་བཅས་བཙོག་པར་བཟོ་བ་འགོག་བཅོས་བྱས་པ་དང་། ནུས་ཁོངས་ཐོན་ཁུངས་ཐོན་སྐྱེད་དང་འཛད་སྤྱོད་རྣམ་པ་སྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་ཞིང་། སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་མུ་མཐུད་དུ་ལག་བསྟར་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་དེང་རབས་ཅན་གྱི་ཀྲུང་གོ་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།
ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དེ་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཁྱབ་ཁོངས་གལ་ཆེན་དུ་བརྩིས་ཏེ་མུ་མཐུད་ནས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་རྒྱལ་སྤྱིའི་རྩ་འཛུགས་བར་ལ་ཁོར་ཡུག་མཉམ་ལས་བྱེད་པར་ཤུགས་སྣོན་ཞིང་རྒྱལ་སྤྱིའི་ཁོར་ཡུག་གི་སྤྱི་ཆིངས་ལག་བསྟར་ནན་མོ་བྱེད་པ་དང་མཉམ་དུ་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་ནས། མིའི་རིགས་ཀྱི་ཁོར་ཡུག་དང་ལས་དོན་གོང་འཕེལ་དུ་གཏོང་བར་སྐུལ་འདེད་གཏོང་ངེས་ཡིན་ལ། ཐེངས་འདིའི་ལོ་ཚོགས་བརྒྱུད་དེ་ཐུན་མོང་གི་ལྟ་ཚུལ་གསར་བ་གཅིག་སྡུད་བྱས་ནས་འཛམ་གླིང་གི་རྒྱུན་མཐུད་འཕེལ་རྒྱས་ལ་འཚོལ་ཞིབ་གསར་བ་འདོན་སྤྲོད་བྱེད་ཐུབ་པར་བདག་ལ་ཡིད་ཆེས་ཡོད་ཟེར། །