རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་སྐོར་ཐེངས་དྲུག་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་དང་སྐོར་ཐེངས་ལྔ་བའི་ཀྲུང་གོ་དང་ཨ་མེ་རི་ཁའི་མི་གཞུང་བརྗེ་རེས་ཀྱི་མཐོ་རིམ་གྲོས་མོལ་ལ་ཞུགས་པའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལིས་དང་ནོར་སྲིད་པུའུ་ཀྲང་ཡ་ཀི་པུའུ•ལུའུ་སོགས་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅུ་ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་སྐོར་ཐེངས་དྲུག་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་དང་སྐོར་ཐེངས་ལྔ་བའི་ཀྲུང་གོ་དང་ཨ་མེ་རི་ཁའི་མི་གཞུང་བརྗེ་རེས་ཀྱི་མཐོ་རིམ་གྲོས་མོལ་ལ་ཞུགས་པའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལིས་དང་ནོར་སྲིད་པུའུ་ཀྲང་ཡ་ཀི་པུའུ•ལུའུ་སོགས་ལ་མཇལ་འཕྲད་གནང་།
མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨ་མེ་རི་ཁའི་འཐབ་ཇུས་དང་དཔལ་འབྱོར་གྲོས་མོལ་དང་མི་གཞུང་བརྗེ་རེས་ཀྱི་མཐོ་རིམ་གྲོས་མོལ་ཀྱིས་རྒྱལ་ཁབ་གཉིས་བར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་མཉམ་ལས་ལ་སྐུལ་འདེད་གཏོང་བར་སྟེགས་བུ་གལ་ཆེན་ཞིག་འདོན་སྤྲོད་བྱས་པ་ཡིན། ཅང་མ་འགོར་བའི་སྔོན་ལ་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཁྱེད་ཚོར་མཇལ་འཕྲད་གནང་བ་དང་ཐེངས་འདིའི་གྲོས་མོལ་ལས་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་བར་གྱི་མཐོ་རིམ་འབྲེལ་འདྲིས་དང་འགྲོ་འོང་སྲུང་འཛིན་བྱེད་པ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་ཅིང་། རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་བཟང་བོ་བྱེད་པ་དང་། ཕྱོགས་གཉིས་བར་གྱི་འགལ་བ་སྣ་ཚོགས་འོས་འཚམ་སྒོས་ཐག་བཅད་ནས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ཡུན་རིང་དང་བརྟན་བརླིང་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཁི་ལིས་དང་ཡ་ཀི་པུའུ•ལུའུ་གཉིས་ཀྱིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཀྲུང་གོ་ནི་འཛམ་གླིང་སྟེང་དུ་དཔལ་འབྱོར་དངོས་ཕུང་ཆེན་པོ་དང་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་གཉིས་ཡིན་པའི་ཆ་ནས་དཔལ་འབྱོར་ཐད་ནས་ཕན་ཚུན་བརྟེན་པ་དང་མཉམ་ལས་ལ་ཤུགས་བསྣན་ན་རྒྱལ་ཁབ་གཉིས་དང་འཛམ་གླིང་ཡོངས་ལ་ཕན་པ་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དང་ཐེངས་འདིའི་གྲོས་མོལ་ལས་ཐོབ་པའི་གྲུབ་འབྲས་དངོས་འབེབས་བཟང་བོ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ཕྱོགས་ཡོངས་ནས་རྒྱ་བསྐྱེད་ཅིང་། རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་བཟང་བོ་བྱེད་པ་དང་མཉམ་དུ་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་སྟེང་གི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་ནས། འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །